TTDL-ZABTER-13-PA-074

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-074

ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དམ་ཅན་རྡོ་རྗེ་ལེགས་པའི་གསོལ་མཆོད་བསྡུས་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རང་ཉིད་ཡི་དམ་ལྷར་གསལ་བའི༔ མདུན་དུ་མེ་རླུང་འཁྲིགས་པའི་ཀློང་༔ ཏྲིཿལས་སྐྱེས་བུ་ཆེན་པོ་ནི༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་རབ་བསྒྲད་ཁྲོ་གཉེར་འཁྲུགས༔ ཨམ་གཙིག་མཆེ་བ་རབ་ཏུ་གཙིགས༔ སྨ་ར་སྨིན་མར་མེ་སྟག་འཕྲོ༔ དབུ་ལ་སྭག་ཞུ་མཛེས་པར་གསོལ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ཕྱར༔ གཡོན་པས་དགྲ་སྙིང་དམར་རློན་བསྣམས༔ བེར་ཆེན་གསོལ་ཞིང་སེང་གེ་ཆིབས༔ རབ་མཛེས་རྣོ་བའི་འཁོར་གསུམ་བརྒྱན༔ བཙན་དམག་སུམ་བརྒྱ་དྲུག་ཅུས་བསྐོར༔ བདག་མདུན་ཐུགས་ལས་འོད་འཕྲོས་པས༔ གནས་ཡུལ་ཀུན་ནས་སྤྱན་དྲངས་བསྟིམ༔ ཏྲིཿབཛྲ་སཱ་དྷུ་ས་མ་ཡ་ཛ་ཛཿལན་བརྒྱ་བརྗོད༔ དེ་ནས་མཆོད་གསོལ་བསྐང་བ་ལ༔ ར་ཡི་ཤ་ཁྲག་གསུར་བཏང་ཞིང་༔ འབྱོར་ཚོགས་མཆོད་རྫས་ཅི་རིགས་བཤམས༔ ནམ་མཁའ་མཛོད་དུ་སྤེལ་བསྒྱུར་ཏེ༔ བསྭོ༔ དད་པ་དང་ནི་དམ་ཚིག་གིས༔ རྡོ་རྗེ་ལེགས་པ་གཤེགས་སུ་གསོལ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ ཅི་མང་བརྗོད་པ་གནད་དུ་ཤེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༠༠༠༠བརྡ་ཡིག༢༨༠ཞེས་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།།།