TTDL-ZABTER-13-PA-078

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-078

༠༠༠༠བརྡ་ཡིག༢༨༩ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྦས་ཡུལ་སྤྱིའི་སྲུང་མ་བདེ་གཤེགས་སྤྱི་དཔལ་ཆེན་པོའི་དངོས་སྤྲུལ་ཞིང་སྐྱོང་ཀུན་དགའ་གཞོན་ནུའི་ལས་བྱང་ཕྲིན་ལས་ལྷུན་གྲུབ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢༩༠བཀའ་སྲུང་དྲེགས་པ་ཡོངས་ཀྱི་གཙོ༔ ཞིང་དང་ཉེ་ཞིང་ཀུན་གྱི་བདག༔ གནས་དང་ཉེ་གནས་སྐྱོངས་མཛད་པའི༔ ལེགས་གྲུབ་རྡོ་རྗེ་འདི་བསྒྲུབ་ན༔ ཚེ་འདིར་དགེ་ལེགས་ཡོན་ཏན་འཕེལ༔ ཕྱི་མ་ཐར་པའི་ལམ་སྣ་ཟིན༔ དེ་ཕྱིར་ལྷ་མཆོག་ལྕམ་དྲལ་དེ༔ བསྒྲུབ་པའི་ཐབས་འདི་བདག་གིས་བསྟན༔ ལག་ལེན་རིམ་པ་འདི་ལྟ་སྟེ༔ ཟངས་ལྕགས་སྣོད་དུ་གཏོར་མ་ནི༔ ཟུར་གསུམ་འཁྱུད་གང་བརྗིད་ལྡན་བཤམས༔ གཡོན་དུ་དེ་བཞིན་དྲང་ལྡན་པའི༔ དམར་གཏོར་སོར་ལྔ་བཞག་ནས་སུ༔ ཡབ་ལ་བམ་རོ་ཕོ་གཟུགས་དང་༔ ཡུམ་ལ་བམ་རོ་མོ་གཟུགས་ནི༔ མགོ་ཐུར་བསྟན་ཏེ་ལག་པས་འགྲོ༔ རྐང་བའི་སྟེང་དུ་དམར་གཏོར་ཁྱེར༔ འཁོར་ནི་གཏོར་མ་བརྒྱད་བཞག་སྟེ༔ བ་ལིང་སྐྱུ་གུ་ཟན་དུམ་གྱིས༔ གྲོང་གི་ཚུལ་དུ་ལེགས་པར་བསྐོར༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ རང་ཉིད་ཡི་དམ་ལྷར་གསལ་ངང་༔ ཧཱུྃ༔ མདུན་དུ་ཁྲག་མཚོ་འཁྱིལ་བའི་དབུས༔ ནམ་མཁའི་ཁམས་ལ་དབང་བསྒྱུར་བའི༔ བརྡ་རུ་གནམ་ལྕགས་འཁོར་ལོའི་སྟེང་༔ པདྨ་ཉི་མ་རོ་གདན་ལ༔ ཧཱུྃ་ལས་ཞིང་སྐྱོང་སེང་གེའི་གདོང་༔ མཐིང་ནག་ཁྲོ་གཏུམ་རྔམས་ཤིང་བརྗིད༔ ཕྱག་གཡས་སྣང་སྲིད་ཀུན་གྱི་སྲོག༔ བློ་ཡིད་སེམས་གསུམ་འདུས་པའི་སྙིང་༔ ལག་པས་བསྡམས་ཤིང་ཁ་རུ་ཁྱེར༔ གཡོན་པས་རུ་མཚོན་གནམ་ལ་ཕྱར༔ སེང་ཞལ་གཡུ་རལ་གྱེན་དུ་འཕྱོ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ བེར་ནག་བགོ་ཞིང་ཁྲག་འཛག་པའི༔ མི་མགོ་ལྔ་བཅུའི་དོ་ཤལ་མཛད༔ བདུད་རྟ་ནག་པོ་རྟིང་དཀར་བའི༔ ཁ་རླངས་སྣ་རླངས་ན་བུན་འཐིབ༔ མཚེར་སྒྲས་སྣང་སྲིད་མངའ་དབང་བྱེད༔ འཇུག་མས་སྡེ་བརྒྱད་འབྱུང་པོ་ཀུན༔ བཀུག་བཀོལ་བསྒྲལ་བའི་ལས་ཀུན་བྱེད༔ གཡོན་དུ་པདྨ་ཉི་མའི་སྟེང་༔ ཏྲིཿལས་གནམ་ཞལ་སེང་གདོང་མ༔ དམར་མོ་རུ་མཚོན་སྙིང་ཞགས་བསྣམས༔ བེར་དམར་བགོས་ཤིང་མེ་དཔུང་འབར༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ མེ་རྟ་དམར་པོ་རླུང་གཤོག་བཅིབས༔ ཡབ་ཡུམ་གཉིས་ཀའི་རང་རྟགས་སུ༔ སྟག་རལ་གཡས་ལ་གཟིག་ཤུབ་གཡོན༔ སྣ་ཚོགས་མཚོན་གྱི་ཟི་ར་འཕྲོ༔ སྣང་སྲིད་མ་ལུས་དབང་སྡུད་ཅིང་༔ སྐྱེ་འགྲོ་ཟིལ་གྱིས་གནོན་པར་བསྐྱེད༔ མདུན་དུ་རོལ་ལངས་ཕོ་མོ་གཉིས༔ སྤྱི་གཙུག་སར་གཏད་ལག་པས་འགྲོ༔ རྐང་པས་གཏོར་ཁྱེར་དགྲ་ལ་འཕེན༔ ཤར་དུ་སྲིད་པ་ལྷ་ཡི་གཙོ༔ ལྷ་ཆེན་ཚངས་པ་དཀར་པོ་ལ༔ ལྷ་དམག་འབུམ་གྱིས་བསྐོར་བར་བསྐྱེད༔ ལྷོ་རུ་འཆི་བདག་ཡོངས་ཀྱི་གཙོ༔ གཤིན་རྗེ་ཡ་མ་རཱ་ཛ་ལ༔ སྲོག་གཅོད་འབུམ་གྱིས་བསྐོར་བར་བསྐྱེད༔ ནུབ་ཏུ་མགྱོགས་པ་བཙན་གྱི་གཙོ༔ བཙན་རྒོད་སྲོག་ལེན་དམར་པོ་ལ༔ བཙན་དམག་འབུམ་གྱིས་བསྐོར་བར་བསྐྱེད༔ བྱང་དུ་གཏུམ་པོ་ཀླུ་ཡི་གཙོ༔ ཀླུ་བདུད་འཆི་བདག་མགོ་དགུ་ལ༔ ཀླུ་དམག་འབུམ་གྱིས་བསྐོར་བར་བསྒོམ༔ ཤར་ལྷོ་མེ་ལྷ་ཡོངས་ཀྱི་གཙོ༔ མེ་ལྷའི་རྒྱལ་པོ་ཨགྣེ་ལ༔ མེ་ལྷ་འབུམ་གྱི་འཁོར་གྱིས་བསྐོར༔ ལྷོ་ནུབ་སྲིན་པོ་ཡོངས་ཀྱི་གཙོ༔ སྲིན་རྒྱལ་རཀྴ་མི་ཟན་ལ༔ སྲིན་པོའི་དམག་ཚོགས་འབུམ་གྱིས་བསྐོར༔ ནུབ་བྱང་རླུང་ལྷ་ཡོངས་ཀྱི་གཙོ༔ རླུང་ལྷ་ཤ་ཝ་རི་པ་ལ༔ རླུང་ལྷ་འབུམ་གྱི་འཁོར་གྱིས་བསྐོར༔ བྱང་ཤར་དབང་ལྡན་ཡོངས་ཀྱི་གཙོ༔ དབང་ལྡན་རྒྱལ་པོ་ཀུན་འདུལ་དཔལ༔ དབང་ལྡན་འབུམ་གྱི་འཁོར་གྱིས་བསྐོར༔ གཞན་ཡང་སྣང་སྲིད་དྲེགས་པའི་ཚོགས༔ ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བ་གནོད་སྦྱིན་ཁྲི༔ ནམ་མཁའི་སྐར་ཚོགས་ལྟ་བུའི་སྡེ༔ ལྷ་མིའི་ཁྲོམ་འཚོགས་ཇི་བཞིན་བསྒོམ༔ བདག་དང་མདུན་བསྐྱེད་ལྷ་ཚོགས་ཀྱི༔ གནས་གསུམ་འོད་ཟེར་རབ་འཕྲོས་པས༔ དམ་ཚིག་ཐུགས་དམ་རྒྱུད་བསྐུལ་ཏེ༔ ཁ་བ་བུ་ཡུག་འཚུབས་པ་བཞིན༔ གནས་ནས་སྤྱན་དྲངས་གཉིས་མེད་བསྟིམ༔ ཨོཾ་ཏྲི་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ཏྲི་ཧྲཱིང་ཛཿདྷི་ཏྲི་ཡ་མ་རཱ་ཙ་དུ་ཏྲི་ཕུ་ཏྲི་ས་མ་ཡ་ཛ་ཛཿཕེཾ་ཕེཾ་ཨ་ཝེ་ཤ་ཡ་ཨ་ཨཱཿཞེས་ལན་གསུམ་བརྗོད༔ སྤྱན་འདྲེན་པ་ནི༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ འབོད་དོ་ཞིང་སྐྱོང་སེང་གེའི་གདོང་༔ ཡབ་ཡུམ་སྤྲུལ་འཁོར་དྲེགས་པའི་སྡེ༔ མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ༔ དག་པ་བདེ་ཆེན་ཞིང་མཆོག་དང་༔ དེ་འོག་ཙཱ་རི་ཀོ་ཊ་ཡ༔ པད་རི་པད་འོད་འབྲས་མོ་ལྗོངས༔ པདྨ་བཀོད་དང་རྣམ་དག་བཀོད༔ ལྷུན་གྲུབ་བཀོད་དང་ཡུམ་བུ་ལུང་༔ ལྗོངས་ལྔ་གླིང་དྲུག་གནས་ཀྱི་བདག༔ དུར་ཁྲོད་བརྒྱད་དང་ཉེ་བའི་ཞིང་༔ ཧེ་རུ་ཀ་ཡི་གནས་བཅུ་ནས༔ དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ གྷ་ཡ་དྷ་ར༴ལེགས་གྲུབ་རྡོ་རྗེ༴བདུད་མགོན་ནག་པོ༴ཀྵེ་ཏྲ་པཱ་ལ༴འཁོར་དང་བཅས་པ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿབཞུགས་སུ་གསོལ་བ་ནི༔ ཧཱུྃ༔ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ ལོངས་སྤྱོད་བཀོད་པ་རབ་རྫོགས་པའི༔ ཡེ་ཤེས་འཕྲུལ་གྱི་གཞལ་ཡས་འདིར༔ ཞིང་སྐྱོང་མགོན་པོ་བཞུགས་སུ་གསོལ༔ སི་ན་ར་མ༴ལས་མཁན་ཕོ་མོ༴གིང་ཆེན་གིང་ཕྲན༴སྲོག་གཅོད་ཤན་པ༴འཁོར་དང་བཅས་པ༴བདག་ཅག་སྒྲུབ་མཆོག་འཁོར་དང་བཅས༔ གནས་ངན་མ་སྤངས་ས་སྤྱོད་ཀྱི༔ འོག་མིན་ཆེན་པོ་དེར་བརྟན་འཚལ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ལ༔ ཧོཿཁྱོད་ནི་ཆེ་མཆོག་ཧེ་རུ་ཀ༔ ཁྱོད་ནི་སྣང་སྲིད་ཀུན་གྱི་བདག༔ ཁྱོད་ནི་སྲིད་པ་ཀུན་གྱི་དབང་༔ འཛམ་བུའི་གླིང་ལ་མངའ་དབང་མཛད༔ ང་ཡི་སྣང་བ་འདོད་པའི་དོན༔ སྤེལ་ཞིང་བསྐྱེད་དེ་བརྟན་གནས་ཕྱིར༔ ཁྱོད་ལ་གུས་པས་ཕྱག་འཚལ་ལོ༔ ན་མོ་པུཥྤ་སིདྡྷི་ཧོཿམཆོད་པ་འབུལ་བ་ལ༔ ཧོཿདངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ མིག་འཕྲུལ་བཞིན་དུ་ཅིར་ཡང་སྣང་༔ ཉེར་སྤྱོད་བདུན་གྱི་མཆོད་པ་འབུལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ དགྲ་ཤ་ཁྲག་གི་མཆོད་པ་འབུལ༔ ཕྱི་མཆོད་རྣམ་པ་སྣ་ཚོགས་དང་༔ ནང་མཆོད་དགོས་འདོད་ལོངས་སྤྱོད་ཚོགས༔ འབུལ་ལོ་བཞེས་ལ་འདོད་དོན་སྒྲུབ༔ ཨོཾ་བཛྲ་ཨ་རྒྷཾ་ནས་རཱུ་པ་ཤཔྡ་སོགས་ཨ་མྲྀ་རཀྟ་བ་ལིང་ཏ་སརྦ་ག་ཎ་པཱུ་ཛ་ཧོཿབསྟོད་པ་བྱ་བ་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་མེས་མཆོག༔ གདོད་མའི་ཀུན་ཏུ་བཟང་དང་སྤྱི་དཔལ་ཆེ༔ བསྟན་དང་འགྲོ་བའི་དོན་དུ་སྐུར་བཞེངས་པ༔ མགོན་པོ་ལེགས་གྲུབ་རྡོ་རྗེ་ཁྱོད་ལ་བསྟོད༔ ཁྱུ་མཆོག་སེང་གེའི་གདོང་ལ་མི་ཡི་ལུས༔ མགྱོགས་པ་རྟ་ནག་རླུང་གི་ཤུགས་ཅན་ཞོན༔ ཉིན་དང་མཚན་གྱི་གུང་གཉིས་གླིང་བཞི་རུ༔ ཞིང་དང་ཉེ་ཞིང་ཀུན་ལ་མངའ་དབང་མཛད༔ བསྟན་འགྲོའི་མགོན་དུ་གྱུར་པའི་དཔལ་ཆེན་པོ༔ ཞིང་སྐྱོང་མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ འཁོར་འདས་སྟོང་ཆེན་མཁའ་རུ་སྡུད་པའི་མ༔ ཡུམ་ཆེན་གནམ་ཞལ་དྲག་ཁྲོས་སེང་གེའི་གདོང་༔ མེ་རྟ་དམར་པོ་རླུང་གི་གཤོག་ཅན་ཞོན༔ སྣང་སྲིད་ཁམས་པ་དབང་བསྒྱུར་ལས་མཁན་འགྱེད༔ ཡུམ་མཆོག་སི་ན་ར་མ་ཁྱོད་ལ་བསྟོད༔ ཡབ་ཀྱི་སྤྲུལ་པ་བམ་རོ་ཕོ་ཡི་གཟུགས༔ ཡུམ་གྱི་སྤྲུལ་པ་བམ་རོ་མོ་དང་ཟུང་༔ གཞན་ཡངས་ས་གསུམ་དབང་མཛད་སྤྲུལ་པའི་འཁོར༔ མ་ལུས་ལུས་པ་མེད་པ་ཀུན་ལ་བསྟོད༔ བསྟོད་ཅིང་བསྔགས་པ་བརྗོད་པའི་ལས་འབྲས་ཀྱིས༔ ཁྱེད་ཅག་མཉེས་ཤིང་ཐུགས་རྗེས་བརྩེ་བར་དགོངས༔ བདག་ཅག་སྡུག་བསྔལ་འདམ་རྫབ་ཆེན་པོ་ལས༔ ཐར་ནས་སྐམ་སར་མོས་པའི་སྐྱེས་བུ་རྣམས༔ སྦས་ཡུལ་པདྨ་བཀོད་དུ་ལམ་སྣ་དྲོངས༔ ལམ་དགྲ་བར་ཆད་རྐྱེན་རྣམས་མ་ལུས་པ༔ རྗེས་ཤུལ་ལྷག་མ་མེད་པར་རྡུལ་དུ་རློག༔ སྔོན་བསུ་རྒྱབ་སྐྱོལ་མཐའ་བརྟེན་ཁྱོད་ཀྱིས་མཛོད༔ རྡོ་རྗེ་འཆང་ནས་བརྒྱུད་གསུམ་བླ་མ་དང་༔ ཨུ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་གི༔ བཀའ་དམ་དཔང་བཙུག་ཕྲིན་ལས་དེ་བཅོལ་གྱིས༔ མ་འདའ་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རང་ཉིད་ཡི་དམ་ལྷའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཞིང་སྐྱོང་སེང་གདོང་ཡབ་ཡུམ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་དམ་ཚིག་དབང་གིས་སྤྱན་དྲངས་ཏེ་མཚོ་ལ་ཁ་ཆར་བབ་པ་ལྟར་བསྐྱེད་པའི་ལྷ་ལ་སིབ་སིབ་ཐིམ་པར་བསྒོམ༔ ཨོཾ་ཏྲི་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སིང་ཧ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲཱིཾ་ཛཿཌཱ་ཀི་ནཱི་ཏྲི་སི་ན་ར་མ་ཧཱུྃ་ཕཊ༔ དྷྲི་ཏྲི་ཡ་མ་རཱ་ཙ་དུ་ཏྲི་ཕུ་ཏྲི་ཧཱུྃ་ས་མ་ཡ་ཛ་ཛ་ཕེཾ་ཕེཾ༔ ཞེས་རྟགས་མ་བྱུང་བར་དུ་བསྒྲུབ༔ བར་སྐབས་ཚོགས་དང་བསྐང་བ་ཕྲིན་བཅོལ་ལ་འབད་པ་གལ་ཆེ་ཞིང་༔ ཁམས་གསུམ་སྣང་སྲིད་ཀྱི་དྲེགས་པ་ཅན་ཐམས་ཅད་དེ་ཡི་ཀློང་དུ་འདུས་ཤིང་འུབ་ཏུ་ཆུབ་པར་བསྒོམ་ལ་བཟླས་པར་བྱའོ༔ དུར་ཁྲོད་མང་པོ་མཐོང་བ་དང་༔ ལྗོན་ཤིང་ནགས་ཚལ་ལྷུན་འཐུག་པ༔ ཀུན་དགའ་ར་བ་སྐྱེད་མོས་ཚལ༔ སྣང་ཞིང་སྐྱེས་བུ་མང་པོ་ཡི༔ བསྙེན་བསྐུར་བྲན་ཁས་ལེན་པ་སོགས༔ བྱུང་ན་གྲུབ་པའི་མཚན་མ་ལགས༔ དེ་ལྟར་བྱུང་ན་གཏང་རག་བྱ༔ ཡང་ཡང་གྲོགས་སུ་བསྐུལ་བར་གྱིས༔ འདི་ནི་ཨུ་རྒྱན་ཆེན་པོ་ཡི༔ བཀའ་དང་དམ་ལ་བཞག་ནས་སུ༔ གནས་སྒོ་འབྱེད་ཅིང་བསྲུང་བ་ཡི༔ ལྷ་དང་སྲུང་མ་ཐམས་ཅད་ལ༔ དབང་བསྒྱུར་དྲེགས་པའི་གཙོ་བོ་ལགས༔ ཤེས་པར་གྱིས་ཤིག་སྐལ་ལྡན་རྣམས༔ ས་མ་ཡ༔ ཨྠིྀ༔ ཅེས་པ་འདི་ཉིད་རིགས་སྲས་མཁྱེན་བརྩེའི་མྱུ་གུ་སོགས་པདྨ་བཀོད་དུ་བསྒྲོད་པར་འདོད་པ་དག་གི་ཆེད་དུ་བདུད་འཇོམས་རྡོ་རྗེས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།