TTDL-ZABTER-13-PA-083
TTDL-ZABTER-13-PA-083
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནས་ཡུལ་ཀུན་གྱི་བདག་པོ་ཞིང་སྐྱོང་ཀུན་དགའ་གཞོན་ནུའི་དཀྱིལ་འཁོར་དུ་ཚོགས་མཆོད་འབུལ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཉམས་ཆག་ཉེས་ལྟུང་ཀུན་བྱང་ཕྱིར༔ ཚོགས་ཀྱི་འཁོར་ལོ་བསྐོར་བ་ལ༔ ཤ་ཆང་འབྲུ་སྣ་ཤིང་ཐོག་དང་༔ བཟའ་བར་འོས་པའི་ཟས་སྣ་ཚོགས༔ དཔོན་དང་གྲོང་གི་ཚུལ་དུ་བཀོད༔ ཡིད་ཀྱིས་ནམ་མཁའ་མཛོད་དུ་སྤེལ༔ ཧྲཱིཿརང་ཉིད་ཡི་དམ་ལྷར་གསལ་བའི༔ ཐུགས་སྲོག་ས་བོན་ལས་འཕྲོས་པ༔ རཾ་གྱིས་མི་གཙང་འབག་རྩོག་བསྲེག༔ ཡཾ་གིས་དངོས་འཛིན་སྟོང་པར་གཏོར༔ ཁཾ་གིས་སེར་སྣའི་དྲི་མ་སྦྱངས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ༔ དག་པ་བདེ་ཆེན་ཞིང་ཁམས་དང་༔ རྩལ་ལས་ཤར་བའི་གནས་ཉེར་བཞི༔ དུར་ཁྲོད་བརྒྱད་དང་ཧེ་རུའི་ཞིང་༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ ཕྲིན་ལས་ཕོ་ཉ་ཡོངས་ཀྱི་བདག༔ ཞིང་སྐྱོང་མགོན་པོ་སེང་གེའི་གདོང་༔ ཕོ་ཉ་སྤྲུལ་པ་ཡང་སྤྲུལ་བཅས༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ ཁྱད་པར་ཨོ་རྒྱན་ཆེན་པོ་ཡི༔ སྐུ་གསུང་ཐུགས་ཀྱིས་བྱིན་རླབས་པའི༔ ས་སྤྱོད་གནས་མཆོག་པདྨ་བཀོད༔ དེ་དང་དེར་བཞུགས་མཁའ་འགྲོའི་ཚོགས༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་ཕུད་འབུལ་བ་ལ༔ ཧཱུྃ༔ ཞིང་སྐྱོང་སེང་གདོང་ཡབ་ཡུམ་དང་༔ སྤྲུལ་འཁོར་བྱེ་བ་དུང་ཕྱུར་བཅས༔ མ་ལུས་ལུས་པ་མེད་པ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ལ༔ ཧོཿབདག་གི་ཚེ་རབས་ཐོག་མེད་ནས༔ ད་ལྟའི་ལུས་འདི་ཡན་ཆད་དུ༔ མ་རིག་དབང་གིས་ལས་ཉོན་བཅས༔ ཉེས་འགལ་ཅི་མཆིས་ཚོགས་ཀྱིས་བཤགས༔ ཨོཾ་ག་ཎ་ཙཀྲ་སཏྭ་སོགས༔ དེ་ནས་བསྒྲལ་བ་ལ༔ འགུགས་གཞུག་མཐར༔ ཧཱུྃ༔ ཐར་ལམ་བར་ཆད་གེགས་བྱེད་པའི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ མ་ལུས་བཀུག་དང་བསྒྲལ་བ་ཡི༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད༔ མཱཾ་ས་རཀྟ་ཙིཏྟ་བ་སུ་ཏ་ཀེཾ་ནི་རི་ཏི་ལ་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ལ༔ ཧོཿམཁའ་འགྲོ་ཤུགས་འགྲོ་གནས་ཉུལ་མ༔ སྣ་ཚོགས་གར་མཁན་བསྒྱུར་བ་མོ༔ འཁོར་དང་བཅས་པ་འདིར་གཤེགས་ཤིག༔ ལྷག་མའི་ལོངས་སྤྱོད་ལ་རོལ་ཞིང་༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་མཛོད༔ ཨུཙྪིཥྚ་བ་ལིངྟ༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ༔ གནས་ཀྱི་གནས་མཆོག་བོད་ཀྱི་ཡུལ༔ གླིང་གི་གླིང་མཆོག་པདྨ་བཀོད༔ དེ་དང་དེ་སྐྱོང་སྲུང་མའི་ཚོགས༔ སྐད་ཅིག་ཉིད་དུ་འདི་གཤེགས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་ལོངས༔ འདོད་ཡོན་རྒྱན་གྱི་གཏོར་མ་ལོངས༔ འདོད་འབྱུང་ཡིད་བཞིན་གཏོར་མ་ལོངས༔ ས་སྤྱོད་འོག་མིན་པདྨ་བཀོད༔ གནས་དེར་བསྒྲོད་པའི་བར་ཆད་བཟློག༔ སྔོན་ཚེ་རིག་འཛིན་པདྨ་དང་༔ ཕྱག་ན་རྡོ་རྗེའི་ཐ་ཚིག་བཞིན༔ གཏོར་མ་ལོངས་ལ་ཕྲིན་ལས་སྒྲུབས༔ དམ་ལ་མ་འདའ་ས་མ་ཡ༔ དེ་ནས་བརྟན་མ་སྐྱོང་བ་ལ༔ ཆད་དོན་དམར་གྱི་གཏོར་མ་ནི༔ བྷྱོ༔ སྨན་མོ་ཡོངས་ཀྱི་གཙོ་མོ་སྟེ༔ ཚེ་རིང་མཆེད་ལྔའི་སྤྲུལ་པའི་སྡེ༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ འདིར་གཤེགས་བཤལ་ཆུའི་གཏོར་མ་ལོངས༔ མི་འདོད་བར་ཆད་རྐྱེན་བཟློག་ཅིང་༔ འདོད་དོན་ཕྲིན་ལས་ཡོངས་གྲུབ་མཛོད༔ མ་མ་ཧྲཱིང་ཧྲཱིང་ཨེ་དཾ་བ་ལིང་ཏ་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ལ༔ ཧཱུྃ༔ གསང་ཆེན་རྡོ་རྗེའི་དཀྱིལ་འཁོར་འདིར༔ ཡེ་ཤེས་ལྔ་ཡི་བྲོ་བརྡུང་བས༔ གདོན་བགེགས་སྟོང་ཕྲག་བརྒྱད་ཅུ་ཀུན༔ འཁྲུལ་མེད་དབྱིངས་སུ་བྲོ་རྒྱས་གདབ༔ སྟྭཾ་བྷ་ཡ་ནན༔ མཱ་ར་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ལ༔ ཧོཿབསྒྲུབ་པའི་ལྷ་དང་སྲུང་མ་རྣམས༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ བསྒྲུབ་མཆོག་རྣལ་འབྱོར་བདག་ཉིད་ལ༔ བསམ་དོན་ལྷུན་གྲུབ་དངོས་གྲུབ་སྩོལ༔ སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ དེ་ནས་བསྔོ་བ་སྨོན་ལམ་ལ༔ ཧོཿབསོད་ནམས་ཚོགས་གཉིས་བསགས་པའི་དགེ༔ རྣམ་མཁྱེན་སངས་རྒྱས་རྒྱུ་རུ་བསྔོ༔ སྡུག་བསྔལ་གྱིས་བཅིང་སེམས་ཅན་ཀུན༔ མི་སློབ་ལམ་འབྲས་ཐོབ་གྱུར་ཅིག༔ དེ་ནས་བརྟན་བཞུགས་བྱ་བ་ལ༔ ཧོཿབརྟེན་ཅིང་བསྒྲུབ་པའི་ལྷ་སྲུང་མ༔ ལུས་དང་གྲིབ་མའི་ཚུལ་བཞིན་ཏུ༔ སྐད་ཅིག་མི་འབྲལ་གྲོགས་མཛོད་ཅིག༔ ལས་བཞིའི་ཕྲིན་ལས་གྲུབ་པར་མཛོད༔ ས་མ་ཡ་ཏིཥྛ་བཛྲ༔ དེ་ནས་བཀྲ་ཤིས་བྱ་བ་ལ༔ ཧོ༔ བརྟེན་པའི་ལྷ་དང་སྲུང་མ་རྣམས༔ ནམ་མཁའ་བཞིན་དུ་ཀུན་ཁྱབ་ཅིང་༔ ནམ་མཁའ་མཛོད་ཀྱི་དཔལ་ཡོན་ལ༔ དབང་བསྒྱུར་རབ་འབྱམས་ཕྲིན་ལས་ཀུན༔ ཐོགས་མེད་འགྲུབ་པའི་བཀྲ་ཤིས་ཤོག༔ ས་མ་ཡ༔ འདི་ནི་སྙིང་པོའི་བསྒྲུབ་པ་མཆོག༔ གནས་དང་ཉེ་གནས་ཞིང་ཉེ་ཞིང་༔ ཀུན་ལ་དབང་བསྒྱུར་དབང་ཐོབ་པའི༔ མཐུ་ནུས་སྟོབས་དང་ལྡན་པར་འདོད༔ སྐྱེས་བུ་རྣམས་ཀྱིས་དོན་དེ་འགྲུབ༔ མི་འདོད་པས་ན་ཅི་བྱར་ཡོད༔ བཀའ་སྲུང་དྲེགས་པའི་ཚོགས་ཀྱིས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་སྦས་ཡུལ་པདྨ་བཀོད་ཀྱི་གནས་སུ་སླེབ་པའི་ལམ་འདྲེན་བར་ཆད་སེར་ཕྱིར་དུ།བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།སརྦ་མངྒ་ལཾ།།།།