TTDL-ZABTER-13-PA-087

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-087

ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་ཙིའུ་དམར་པོའི་ཟ་ངུ་བཞུགས་སོ༔ ཧཱུྃ༔ གནོད་སྦྱིན་རྒྱལ་པོ་ཙི་མ་ར༔ སྤྲུལ་པའི་སྐྱེས་བུ་རོལ་པ་བདུན༔ ཡང་སྤྲུལ་འབྱུང་བ་ལྔ་ཡི་བཙན༔ འཁོར་དང་བཅས་པ་དགོངས་སུ་གསོལ༔ རྡོ་རྗེ་འཆང་དང་པདྨ་འབྱུང་༔ རིག་འཛིན་བརྒྱུད་པའི་བཀའ་དམ་ཚིག༔ དཔང་དུ་བཙུག་སྟེ་གཏའ་རུ་བཞག༔ སྒྲུབ་པའི་རྣལ་འབྱོར་བདག་ཉིད་ཀྱིས༔ དམ་ཅན་ཁྱོད་ལ་བསྒོ་བ་ནི༔ བདག་ལ་སྡང་བའི་དགྲ་བོ་ཡི༔ མི་ནོར་དཀོར་དང་བཅས་པ་ཀུན༔ ཁྱོད་ལ་ཟ་སྐལ་གཏད་ཀྱིས་སྤྱོད༔ མ་ཟད་བར་དུ་ཟ་ངུ་གྱིས༔ མ་སྟོང་བར་དུ་ཚིམས་མ་བྱེད༔ བདག་གི་བསྲུང་བ་རྟེན་གསུམ་དང་༔ སྐྲ་དང་གོས་དུམ་ལ་སོགས་པའི༔ བྱིན་གྱིས་བརླབས་པའི་རྫས་རྣམས་ཀུན༔ དགྲ་བོ་ཕོ་མོས་འཆང་སྤྱོད་ན༔ རེག་ཕུང་ཧ་ལ་ཇི་བཞིན་དུ༔ ཚེ་དང་སྲོག་གི་བདུད་དུ་ཕོབ༔ བདག་དང་འདུམ་པའི་ཚུལ་བྱས་ཀྱང་༔ དམ་ཅན་ཁྱེད་དང་འདུམ་མ་བྱེད༔ སྔགས་མཁན་རང་ལ་སླར་མ་ལྡོག༔ མཐུ་དང་ནུས་པའི་རྩལ་མ་རྡུག༔ ཉེས་མེད་གཞན་ལ་འབྱམས་མ་བྱེད༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་འདའ་མ་བྱེད༔ འཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དམར་གཏོར་ཁྲག་གིས་བྱུགས་པ་དང་༔ ཇ་ཆང་སྐྱེམས་ཀྱི་ཚོགས་བཏང་ཞིང་༔ ཡང་ཡང་བསྐྱར་ཏེ་བརྗོད་གྱུར་ན༔ བསམ་པའི་དོན་དེ་ངེས་པར་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་རྣལ་འབྱོར་པ་འཇིགས་མེད་རྡོ་རྗེའི་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།།།