TTDL-ZABTER-13-PA-098

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-098

ཆོས་ཉིད་ནམ་མཁའི་ཀློག་མཛོད་ལས༔ སེང་ཆེན་ནོར་བུ་དགྲ་འདུལ་གྱི་བསང་མཆོད་འདོད་རྒུའི་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༥༩དགྲ་འདྲེས་རྒོལ་བ་ཀུན་གཞོམ་ཞིང་༔ བར་ཆད་གཡུལ་ལས་རྒྱལ་བ་དང་༔ བསོད་ནམས་མངའ་ཐང་རྒྱས་པའི་ཕྱིར༔ དགྲ་བླ་ཝེར་མ་བསང་མཆོད་པའི༔ ལས་ལ་བརྩོན་པའི་རིམ་པ་ལ༔ བཟང་ཤིང་སྣ་ཚོགས་ཟས་སྣ་ཚོགས༔ བསྲེག་ཅིང་སྦྱངས་སྔགས་ཀྱི་སྦྱངས་ཏེ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ཡིས༔ འདོད་རྒུ་མི་ཟད་གཏེར་དུ་སྤེལ༔ ལྷ་ཀིིའི་ཀིའི་ཀི་ལ་བསྭོ་བསྭོ་བསྭོ༔ དགྲ་བླ་ཝེར་མ་དབྱིངས་ནས་བཞེངས༔ སྟེང་ལྷ་ཁམས་གསུམ་ནས་ད་བཞེངས་གསོལ༔ བར་གཉན་གྱི་ཁམས་ནས་སྐུར་བཞེངས་ཤིག༔ འོག་ཀླུ་ཡི་ཁམས་ནས་སྐུར་བཞེངས་ཤིག༔ སྐུ་འཛམ་གླིང་སེང་ཆེན་རྒྱལ་པོ་དང་༔ འཁོར་དཔའ་ཐིལ་སུམ་ཅུ་དགྲ་བླར་བཅས༔ གནས་མི་མངོན་ནམ་མཁའི་དབྱིངས་རིམ་ནས༔ སྐུར་བཞེངས་ཤིག་མཆོད་པའི་གནས་འདིར་བྱོན༔ ལྷ་བསང་ངོ་གསོལ་ལོ་མཆོད་ཅིང་བསྟོད༔ ཀྱཻ༔ འཛམ་གླིང་གེ་སར་རྒྱལ་པོ་ནི༔ སེང་ཆེན་ནོར་བུ་དགྲ་འདུལ་རྩལ༔ འགྲོ་བ་ཡོངས་ཀྱི་སྐྱབས་མགོན་མཆོག༔ གཏན་གྱི་མཆོག་གྱུར་སྐྱབས་མགོན་བསང་༔ ཡབ་མཆོག་སངས་རྒྱས་དོན་འགྲུབ་བསང་༔ ཡུམ་མཆོག་སྤངས་ཞལ་མཛེས་ལྡན་བསང་༔ ཨ་ནེ་གོང་སྨན་རྒྱལ་མོ་བསང་༔ ནུ་བོ་ཀླུ་ཕྲུག་འོད་དཀར་གསང་༔ སྲིང་ཆུང་ཐ་ལེ་འོད་དཀར་བསང་༔ ཆིབས་པ་རྐྱང་རྒོད་འཕེལ་བ་བསང་༔ གསེར་ཁྲབ་རྒྱལ་བའི་དོན་གྲུབ་བསང་༔ གསེར་སྒ་ཉི་མ་རང་ཤར་བསང་༔ བལ་སྟན་ཁྲ་བོ་གྲུ་བཞི་བསང་༔ ཁྲབ་དཀར་ཟླ་བའི་འོད་ལྡན་བསང་༔ རྨོག་དཀར་ནོར་བུའི་གཙུག་རྒྱན་བསང་༔ ལྕགས་ཚན་བསམ་པའི་དོན་གྲུབ་བསང་༔ གཡས་སུ་སྟག་རལ་ནང་ཤེད་ན༔ མདའ་དམར་སུམ་ཅུ་སོ་ལྔ་བསང་༔ གཡོན་དུ་གཟིག་ཤུབ་ནང་ཤེད་ན༔ གཞུ་མོ་ཁམས་གསུམ་དགྲ་འདུལ་བསང་༔ ཤེལ་གྱི་གྲི་ཆུང་ཡུ་དཀར་བསང་༔ རལ་གྲི་བཏབ་པ་ལེབ་ཆེན་བསང་༔ སྤྱི་དཔོན་ཨ་མྱེ་ཁྲ་རྒན༴ལྷ་ཆེན་ཚངས་པ་དཀར་པོ་སོགས༔ སྟེང་ནས་འཁོར་བའི་ལྷ་དམག་བསང་༔ གཉན་ཆེན་ཨ་བོ་གེར་མཛོད་སོགས༔ བར་ནས་འཁོར་བའི་གཉན་དམག་བསང་༔ ཀླུ་རྒྱལ་མི་མགོན་དཀར་པོ་སོགས༔ འོག་ནས་འཁོར་བའི་ཀླུ་དམག་བསང་༔ དགྲ་བླ་ཝེར་མ་བཅུ་གསུམ༴མགྲོན་ཡག་དར་མ་བཅུ་གསུམ༴ཕུ་བོ་འབུམ་པ་ཞལ་དཀར༴ནུ་བོ་སྣང་ཆུང་གཡུ་སྟག༴ཚ་ཞང་འདན་མ་བྱང་ཁྲ༴བཀའ་སྡོད་དཔའ་ཐིལ་སུམ་ཅུ༴སྡོང་ཟླ་ཡུལ་ལྷ་གཞི་བདག༴སྒྲོལ་གིང་གཟའ་བདུད་ནག་པོ༴ལས་བྱེད་དྲེགས་པ་སྡེ་བརྒྱད༴སྐུ་ཡི་གཟི་མདངས་རྒྱས་གྱུར་ཅིག༔ གསུང་གི་འགགས་པ་ཁྲོལ་གྱུར་ཅིག༴ཐུགས་ཀྱི་རྨུག་པ་སངས་གྱུར་ཅིག༔ ཡེ་ཤེས་ཡོན་ཏན་དཔལ་རྒྱས་ཤོག༴ཕྲིན་ལས་མཐུ་སྟོབས་ཐོགས་མེད་པའི༔ དགྲ་བགེགས་ཀུན་སྒྲོལ་མཐུ་ཐོབ་ཤོག༔ ཀྱཻ༔ འགྲོ་བའི་དཔལ་མགོན་དམ་པ་མཆོག༔ སེང་ཆེན་ནོར་བུ་དགྲ་འདུལ་རྩལ༔ སྡོང་ཟླ་ལྷ་ཀླུ་སྡེ་བརྒྱད་དང་༔ དགྲ་བླ་ཝེར་མ་བཅུ་གསུམ་དང་༔ སྤྲུལ་པ་ཕུ་ནུ་སུམ་ཅུ་བཅས༔ མ་ལུས་བདག་ལ་དགོངས་སུ་གསོལ༔ བདག་གིས་དད་དང་གདུང་སེམས་ཀྱིས༔ རྟག་ཏུ་ཁྱེད་མཆོད་ཁྱེད་གསོལ་ན༔ ལུས་དང་གྲིབ་མ་བཞིན་འགྲོགས་ཤིང་༔ ཕ་མས་བུ་ཚ་བཞིན་བརྩེ་སྐྱོངས༔ ནད་དང་གནོད་པ་རྐྱེན་བར་ཆད༔ མི་མཐུན་མི་འདོད་ཉེར་འཚེ་ཀུན༔ ཞི་བཟློགས་གཞོམ་པའི་ཕྲིན་ལས་མཛོད༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ནོར༔ ལོངས་སྤྱོད་ཕུན་སུམ་ཚོགས་པ་རུ༔ འཕེལ་ཞིང་རྒྱས་པའི་དངོས་གྲུབ་སྩོལ༔ སྣང་སྲིད་སྐྱེ་འགྲོའི་བློ་ཡིད་སེམས༔ འདོད་རྒུའི་དཔལ་ཡོན་དང་བཅས་པ༔ ཁབ་ལེན་རྡོ་དང་ལྕགས་འཕྲད་བཞིན༔ དབང་བསྡུས་ལོངས་སྤྱོད་དཔལ་དུ་སྩོལ༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ མདོར་ན་གནོད་ཅིང་འཚེ་བའི་རིགས༔ ལྷ་ཡང་རུང་སྟེ་བདུད་ཀྱང་རུང་༔ མ་ལུས་ཐལ་བའི་རྡུལ་དུ་རློག༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ བདག་ཅག་ལྷ་མི་འཁོར་དང་བཅས༔ དགའ་ལྡན་འཕྲུལ་དགའི་ལྷ་བཞིན་དུ༔ དགའ་བདེའི་དཔལ་ལ་སྤྱོད་གྱུར་ཅིག༔ ས་མ་ཡ༔ དེ་ལྟར་རྟག་ཏུ་བསང་མཆོད་ན༔ ལུས་དང་གྲིབ་མ་བཞིན་དུ་འཁོར༔ རྣམ་བཞིའི་ལས་ཀུན་ཐོགས་མེད་འགྲུབ༔ ཁྱད་པར་དབང་སྡུད་སྙན་གྲགས་འཕེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་སློབ་བུ་ཡེ་ཤེས་ཉི་མས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།