TTDL-ZABTER-13-PA-101
TTDL-ZABTER-13-PA-101
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བཙན་རྒོད་དྲེགས་པ་མེ་ཕྲེང་གི་བསང་མཆོད་འདོད་འཇོའི་དཔལ་འབར་བཞུགས་སོ༔ ན་མོ་གུ་རུ་བྷྱ༔ བཟང་ཤིང་ཕྱེ་མར་ར་ཤ་ཁྲག༔ སྤེལ་བའི་བསང་གི་དུ་བ་བཏང་༔ སྭ་བྷཱ་ཝ་ཡིས་སྦྱངས་ནས་སུ༔ ནམ་མཁའི་མཛོད་ཀྱི་སྔགས་རྒྱས་སྤེལ༔ ཀྱཻ༔ ཏིང་འཛིན་སྔགས་ཀྱི་བྱིན་བརླབས་པའི༔ འདོད་འབྱུང་ཡིད་བཞིན་བསང་མཆོད་འདིས༔ བཙན་རྒོད་སྲོག་ལེན་དམར་པོ་བསང་༔ ཤན་པ་ཀུས་འདེབས་རྒྱལ་པོ་བསང་༔ ཁམས་གསུམ་སྲོག་གི་བདག་པོ་བསང་༔ འགྲོ་བའི་དབུགས་ཀྱི་བདག་པོ་བསང་༔ གནམ་གྱི་གནམ་བཙན་མཐིང་ཡུམ་བསང་༔ ཆུ་བཙན་དཀར་པོ་འོད་འབར་བསང་༔ ས་བཙན་སེར་པོ་གསེར་མདོག་བསང་༔ མེ་བཙན་དམར་པོ་གློག་འོད་བསང་༔ རླུང་བཙན་ལྗང་གུ་རླུང་ཞོན་བསང་༔ བཙན་ཆེན་རོལ་པ་སྐྱ་བདུན་བསང་༔ ཁྲོ་གཏུམ་འབར་བ་སྤུན་བདུན་བསང་༔ ཡུམ་མཆོག་སྨན་མོ་དགུ་ཁྲི་བསང་༔ སྤྲུལ་པ་ལྷ་སྲིན་སྡེ་བརྒྱད་བསང་༔ ཡང་འཁོར་སུམ་བརྒྱ་དྲུག་ཅུ་བསང་༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ རྒྱལ་བ་ཤཱཀྱ་ཐུབ་པ་དང་༔ རྡོ་རྗེ་གཏུམ་པོའི་བཀའ་དམ་བཞིན༔ སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ ཕ་མ་བུ་ཚ་བཞིན་བརྩེས་སྐྱོངས༔ འཁུ་ལྡོག་ཁྲོ་འཁྲུགས་མ་མཛད་པར༔ སྐད་ཅིག་མི་འབྲལ་སྲུང་སྐྱོབས་མཛོད༔ གནོད་གདུག་དྲག་ཤུལ་སེམས་ལྡན་པའི༔ གཟུགས་ཅན་དགྲ་དང་གཟུགས་མེད་པ༔ ལྷ་ཡང་རུང་སྟེ་བདུད་ཀྱང་རུང་༔ མེ་སྟག་ཆུ་ཡིས་བསད་བཞིན་ཐོངས༔ དམ་ལས་མ་འདའ་དམ་ཚིག་ཅན༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ལྟར་བསང་མཆོད་བྱས་པ་ཡིས༔ ཕྲིན་ལས་བསྒྲུབ་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་པདྨ་དགའ་བས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་པའི་ཡི་གེ་པ་ནི་མདོ་སྔགས་སོ།།དགེའོ།།དགེའོ།།དགེའོ།།།།