TTDL-ZABTER-13-PA-102
TTDL-ZABTER-13-PA-102
ཀྱཻ༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ དབྱིངས་ཀྱི་ཡུམ་ཆེན་སྡེ་ལྔ་བསང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྐྱེན་ངན་བར་ཆད་དབྱིངས་སུ་བཟློག༔ བསྟན་པའི་རཱུ་ཏྲ་བགེགས་ཀྱི་གཤེད༔ མགོན་པོ་ཕོ་རྒྱུན་ལྷ་ཚོགས་བསང་༔ དངོས་གྲུབ་བསྒྲུབ་ལ་བར་གཅོད་པའི༔ དགྲ་བགེགས་མ་ལུས་རྡུལ་དུ་རློགས༔ སྒྲུབ་ལ་བྱམས་ཤིང་བརྩེ་བའི་མ༔ ལྷ་མོ་མོ་རྒྱུད་ཐམས་ཅད་བསང་༔ ཟས་ནོར་ལོངས་སྤྱོད་འདོད་རྒུའི་གཏེར༔ འཛད་མེད་གང་གཱའི་རྒྱུན་བཞིན་སྩོལ༔ འཛམ་གླིང་སྤྱི་དང་བྱེ་བྲག་ཏུ༔ བོད་ཁམས་སྐྱོང་བའི་གཞི་བདག་བསང་༔ སྣང་སྲིད་ཟས་ནོར་འདོད་རྒུའི་གཏེར༔ ཅི་འདོད་ལོངས་སྤྱོད་ཆར་དུ་ཕོབས༔ ཕྱི་ནང་བར་ཆད་རྐྱེན་ངན་བཟློག༔ ཁྱད་པར་ས་ཡི་ཐིག་ལེ་འདིར༔ ཕ་རི་གཡས་ལ་གནས་པ་བསང་༔ ཚུ་རི་གཡོན་ལ་གནས་པ་བསང་༔ གངས་དཀར་རྫ་རི་གཉན་པོ་དང་༔ སྤང་ཐང་ན་བ་གཉན་ས་ཆུ༔ རྩིབས་ས་རྡོ་ཤིང་བྲག་རི་དང་༔ ས་འོག་ས་སྟེང་ས་བླ་རུ༔ གནས་ཤིང་བརྟེན་བཅས་མི་མ་ཡིན༔ མ་ལུས་ལུས་པ་མེད་པ་བསང་༔ ལྷ་བཙན་གཉན་བཙན་མཐུ་བོ་ཆེ༔ འབྱུང་བ་ལྔ་ཡི་བདག་པོ་བསང་༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཕ་མ་བུ་ཚ་བཞིན་བརྩེས་སྐྱོངས༔ གང་བསམ་འདོད་དོན་ཡོངས་གྲུབ་མཛོད༔ དུས་གསུམ་རྒྱལ་བ་སྲས་བཅས་དང་༔ སེམས་དཔའ་ས་ཡི་སྙིང་པོ་ཡི༔ བཀའ་དམ་གཉན་པོའི་བདེན་སྟོབས་ཀྱིས༔ བདག་ཅག་ལྷ་མི་འཁོར་བཅས་ཀུན༔ རྫོགས་ལྡན་དུས་ཀྱི་བསྐལ་པ་བཞིན༔ དགའ་བདེའི་ཡོན་ཏན་ཕུན་ཚོགས་ཤོག༔ ཅེས་ཆོས་རྒྱལ་དང་ཚུལ་ཁྲིམས་རྡོ་རྗེ་གཉིས་ཀྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་དགེ།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།