TTDL-ZABTER-13-PA-115

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-115

ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བཀའ་སྲུང་དྲེགས་པའི་བསང་མཆོད་བདེ་ལེགས་ཀུན་འབྱུང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༡༥ཕྱེ་མར་མཁན་ཤུག་བཟང་ཤིང་བསྲེགས༔ སྭ་བྷཱ་ཝ་ཡིས་སྦྱངས་ནས་སུ༔ ཨོཾ་ཨཱཿཧཱུྃ༔ གིས་བྱིན་གྱིས་རླབས༔ ནམ་མཁའ་མཛོད་སྔགས་ཀྱིས་སྤེལ་བསྒྱུར༔ བྷྲཱུྃ་ལས་རིན་ཆེན་སྣ་ཚོགས་གཞི་ཡངས་པར༔ རཾ་ལས་ཡེ་ཤེས་ལྔ་ལྡན་མེའི་དཀྱིལ་འཁོར༔ འབྲུ་གསུམ་འོད་ཞུ་དུ་བའི་རྣམ་པ་ལ༔ ངོ་བོ་མ་དག་དྲི་མ་སྦྱོང་བྱེད་ཀྱི༔ ཟག་མེད་ཡེ་ཤེས་བདུད་རྩིའི་རང་བཞིན་ནི༔ མཐོང་ཐོས་དྲན་རེག་མགྲོན་དུ་གྱུར་པ་ཡི༔ གྲིབ་དང་མི་གཙང་འབག་རྩོག་ཐམས་ཅད་དང་༔ ཐུགས་ཀྱིས་མི་བཞེད་མི་འདོད་ཟུག་རྔུ་ཀུན༔ མེ་ལོང་གཡའ་བྲལ་བཞིན་དུ་དག་བྱེད་ཀྱི༔ རྒྱལ་དང་རྒྱལ་སྲས་གསང་གསུམ་ནུས་བྱིན་རྫོགས༔ འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཡིས༔ དཔག་ཡས་ནམ་མཁའི་ཁྱོན་ཀུན་ཡོངས་ཁྱབ་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ན་མོ་རཏྣ་ཏྲ་ཡ་ཡཱ༔ ཡེ་དྷརྨ་ཧེ་ཏུ་སོགས་རྟེན་འབྲེལ་སྙིང་པོ་ལན་གསུམ་བརྗོད་ཅིང་༔ བཛྲ་སྥ་ར་ཎ་ཁཾ༔ ཧྲཱིཿཐུགས་རྗེའི་གཏེར་ཆེན་འཕགས་མཆོག་སྤྱན་རས་གཟིགས༔ ཁམས་གསུམ་དབང་བསྒྱུར་དབང་ཕྱུག་ཉིད་དུ་བཞེངས༔ སྲིད་པའི་ལེགས་ཉེས་ཀུན་ལ་མངའ་དབང་མཛད༔ དབང་ཆེན་ལྷ་ཡི་བླ་མ་འཁོར་བཅས་བསང་༔ མི་སྲུན་ལོག་འདྲེན་རཱུ་ཏྲ་བདུད་ཀྱི་སྡེ༔ ཞི་བས་མི་ཐུལ་དྲག་པོས་འདུལ་བའི་ཕྱིར༔ གཞན་གྱིས་མི་ཐུབ་རྡོ་རྗེའི་སྐུར་བཞེངས་པ༔ ལེགས་ལྡན་མ་ཧཱ་ཀཱ་ལ་འཁོར་བཅས་བསང་༔ ཕྱི་ལྟར་གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས༔ ནང་ལྟར་ཡིད་བཞིན་དཔལ་སྟེར་ཨ་པ་ར༔ གསང་བ་གཟའ་བདུད་རྒྱལ་པོ་རཱ་ཧུ་ལ༔ དབང་དྲག་གནོད་སྦྱིན་ཤན་དམར་འཁོར་བཅས་བསང་༔ སྟེང་ཕྱོགས་ནམ་མཁའི་ཁྱོན་ལ་མངའ་དབང་བསྒྱུར༔ ཁམས་གསུམ་སྲོག་དང་འགྲོ་བའི་དབུགས་ཀྱི་བདག༔ དྲེགས་པའི་གཙོ་མཆོག་མྱུར་མགྱོགས་སྟོབས་རྩལ་འཆང་༔ གཟའ་བདུད་དུག་གི་སྤུ་གྲི་འཁོར་བཅས་བསང་༔ བདེ་ཆེན་ཞིང་དང་མེ་རི་འབར་བ་དང་༔ མཁའ་སྤྱོད་ས་སྤྱོད་གནས་ཡུལ་གཉན་པོ་ལ༔ དབང་བསྒྱུར་དོན་ལ་སྤྱི་དཔལ་ཡབ་ཡུམ་དངོས༔ ཞིང་སྐྱོང་སེང་གདོང་ཡབ་ཡུམ་འཁོར་བཅས་བསང་༔ ཕྱི་ལྟར་རྟ་མཆོག་རོལ་པ་དབང་གི་སྐུ༔ ནང་ལྟར་སྐྱེས་བུ་བཛྲ་ཐིག་ལེ་རྩལ༔ གསང་བ་འབྱུང་ལྔ་བཙན་གྱི་བདག་པོ་སྟེ༔ ཆོས་སྐྱོང་རྒྱལ་པོ་ཙི་དམར་འཁོར་བཅས་བསང་༔ གཞན་ཡང་དྲུག་ལྡན་བརྒྱུད་པའི་བླ་མ་ཡི༔ བཀའ་དམ་ལ་གནས་སངས་རྒྱས་བསྟན་པ་སྲུང་༔ མི་སྲུན་ཞིང་བཅུའི་རཱུ་ཏྲ་འདུལ་མཛད་པའི༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་ཐམས་ཅད་བསང་༔ ཨོ་རྒྱན་ཆེན་པོའི་བཀའ་དམ་ལ་གནས་ཤིང་༔ སྣང་སྲིད་ལྷ་འདྲེ་ཡོངས་ལ་མངའ་དབང་བསྒྱུར༔ དཀར་ཕྱོགས་སྐྱོང་ཞིང་ནག་ཕྱོགས་འཇོམས་མཛད་པའི༔ ཡུལ་ལྷ་གཞི་བདག་གཉན་པོ་ཐམས་ཅད་བསང་༔ བསང་མཆོད་མགྲོན་དུ་གྱུར་པ་ཁྱེད་རྣམས་ཀྱིས༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ༔ སྐད་ཅིག་འབྲལ་བ་མེད་པར་གྲོགས་མཛོད་ཅིག༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ཕྲིན་ལས་རྣམས༔ གང་བརྩམ་ཐོགས་པ་མེད་པ་མྱུར་འགྲུབ་ཅིང་༔ འདོད་རྒུའི་ལོངས་སྤྱོད་ཆར་ལྟར་འབབ་པ་དང་༔ བསམ་པའི་དོན་ཀུན་ཡིད་བཞིན་གྲུབ་པར་མཛོད༔ གནོད་གདུག་དྲག་ཤུལ་རྒོལ་དང་སྡང་བ་ཡི༔ བསམ་སྤྱོད་འཆང་བའི་དགྲ་བགེགས་མ་ལུས་པ༔ རྩྭ་སྐམ་དག་ལ་མེ་དཔུང་མཆེད་པ་བཞིན༔ མིང་གི་ལྷག་མ་ཙམ་ཡང་མ་ལུས་པར༔ བསྒྲལ་ཞིང་ཕུང་བརླག་གཞོམ་པའི་ཕྲིན་ལས་མཛོད༔ བདག་ཅག་སྒྲུབ་མཆོག་རྣལ་འབྱོར་འཁོར་བཅས་ཀྱི༔ འདི་ཕྱིའི་རེ་སྨོན་དམ་པ་ཡོངས་གྲུབ་ཅིང་༔ བཀྲ་ཤིས་བདེ་སྐྱིད་ཕུན་སུམ་ཚོགས་པར་མཛོད༔ བཀའ་དམ་དཔང་དུ་བཞག་ཅིང་ལས་བཅོལ་བ༔ མ་འདའ་མྱུར་དུ་གྲུབ་མཛོད་ས་མ་ཡ༔ དེ་ལྟར་རྟག་ཏུ་བསང་མཆོད་ལ་བརྩོན་པས༔ དྲེགས་པས་སྙིང་བརྩེ་བྲན་ཁོལ་ཕྲིན་ལས་བསྒྲུབས༔ ལེགས་ཚོགས་ཀུན་འབྱུང་ཉེས་པའི་རྐྱེན་བཟློག་ཅིང་༔ འཁུ་ལྡོག་གདུག་རྩུབ་ཞུད་པའི་རྐྱེན་སེལ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཉིད་རིགས་སྲས་རིག་འཛིན་ནོར་བུས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ།།དགེའོ།།སརྦ་མངྒ་ལཾ།།།།