TTDL-ZABTER-13-PA-119
TTDL-ZABTER-13-PA-119
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྫ་སྙིང་སྔོ་ཚོགས་གཡུ་རྩེའི་གཉེར་བཅོལ་བསམ་དོན་ལྷུན་གྲུབ་བཞུགས༔ ཀྱཻ༔ ཟོ་དོར་སྔོ་ཚོགས་གཡུ་རྩེ་འཁོར་དང་བཅས༔ མ་ལུས་བདག་ལ་གསན་ཅིང་དགོངས་སུ་གསོལ༔ དུས་གསུམ་རྒྱལ་བ་སྲས་དང་བཅས་རྣམས་དང་༔ བན་དང་བོན་གྱི་བཀའ་དམ་གཉན་པོ་དེ༔ དཔང་དུ་བཙུག་སྟེ་གཏའ་རུ་བཞག་ནས་སུ༔ དམ་ཅན་ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ ཕྱོགས་འདིར་གདོང་རིགས་ཁྲོམ་ཟ་རྗེ་དཔོན་དང་༔ ཆོས་སྡེ་འབངས་འཁོར་ཆབ་སྲིད་མི་ནོར་དཀོར༔ ཁྱེད་ལ་བཅོལ་ལོ་ཁྱེད་ཀྱི་ཉེ་འཁོར་དང་༔ རྩ་ལག་འབངས་སྡེར་མཆིའོ་གཉེར་ཁ་ཟུངས༔ ཀོ་ལོང་རུ་ང་ཕྲག་དོག་གདུག་རྩུབ་དང་༔ རྟག་ཏུ་འཁུ་ལྡོག་མཁོན་འཁྲུགས་མ་མཛད་པར༔ ཕ་མ་བུ་ཚ་ཇི་བཞིན་བྱམས་བརྩེས་སྐྱོངས༔ ཁ་འཛིན་སྡོང་གྲོགས་མེལ་ཚེ་སྐྱེལ་བསུ་དང་༔ མཐུན་རྐྱེན་གྲོགས་ལྡན་སྒྲུབས་ལ་དགྲ་དཔུང་ཆོམས༔ རྟ་ལུག་གནག་ཕྱུགས་དཀོར་དང་བཅས་པ་ལ༔ ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་དང་༔ རྟག་ཏུ་རྫི་བོ་མཛོད་ལ་གོད་ཡམས་དང་༔ དགྲ་ཇག་ཆོམ་རྐུན་འཚེ་བའི་རིགས་རྣམས་ཐུལ༔ རྗེ་དཔོན་འབངས་སྡེ་ཕན་ཚུན་བྱམས་བརྩེ་ཡིས༔ མཐུན་ཅིང་དགེ་ལེགས་དཔལ་ལ་སྤྱོད་མཛོད་ཅིང་༔ བཅོལ་བའི་ལས་དེ་འགྲུབ་མཛོད་ས་མ་ཡ༔ ཞེས་ཁྲོམ་དཔོན་ཀུན་བཟང་བསྟན་འཛིན་ནས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བ་གྱུར་ཅིག།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།