TTDL-ZABTER-13-PA-121
TTDL-ZABTER-13-PA-121
ཟོ་དོར་གཉན་པོའི་གསོལ་མཆོད་ནི༔ བསྭོ༔ ས་སྐྱོང་འབྲོང་རི་སྨུག་པོ་དང་༔ ས་འཛིན་མགར་བ་ནག་པོ་དང་༔ ས་བརྟེན་རྔ་ལ་སྟག་རྩེ་དང་༔ ས་སྐྱོབ་རྒྱལ་པོ་གཡུ་ཕྲེང་ཅན༔ ས་བཅུད་འཛིན་པ་རྩེ་ཡི་བླ༔ རྫ་བཀྲ་ཕྱུག་པོ་འཁོར་བཅས་ལ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ འདོད་ཡོན་ནམ་མཁའ་མཛོད་དུ་འབུལ༔ བྱམས་བརྩེས་གྲོགས་མཛོད་བསམ་པ་སྒྲུབས༔ དགྲ་ཇག་ཆོམ་རྐུན་གོད་ཡམས་ཐུལ༔ མི་ཁ་བྲ་མཆུ་གྱོད་སྣ་ཟློག༔ བཀྲ་ཤིས་བདེ་ལེགས་དཔལ་རྒྱས་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ས་མ་ཡ༔ འདི་ཡང་མཁའ་འགྲོ་ལས་དབང་མོས༔ དག་པའི་སྣང་བ་རྒྱན་དུ་འཕྲུལ༔ ཁྲག་འཐུང་བདུད་འཇོམས་དཔའ་བོས་བྲིས༔ དགེའོ།།།།