TTDL-ZABTER-13-PA-125

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-125

ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དགྲ་ལྷ་ང་འདྲ་མཆེད་བརྒྱད་ཀྱི༔ མཆོད་གསོལ་དགོས་འདོད་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༤༡དགྲ་ལྷ་ང་འདྲ་མཆེད་བརྒྱད་ཀྱི༔ གསོལ་མཆོད་བསྡུས་པ་ལག་ལེན་ལ༔ དཀར་དམར་ཟས་སྣ་སྐྱེམས་ཚོགས་བཤམས༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ ནམ་མཁའ་མཛོད་ཀྱི་སྔགས་བཟླས་ཏེ༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ སྒྱུ་མའི་འཕྲུལ་སྣང་བཀོད་པ་བཞིན༔ འདོད་རྒུའི་དཔལ་ཡོན་ཕུན་ཚོགས་གཏེར༔ མི་ཟད་རྒྱན་གྱི་འཁོར་ལོར་སྤེལ༔ རང་ཉིད་ཡི་དམ་ལྷར་གསལ་ངང་༔ ཀྱཻ༔ དགྲ་ལྷ་ང་འདྲ་མཆེད་བརྒྱད་དང་༔ རབ་མཛེས་སྨན་བཙུན་ཆེན་མོ་བརྒྱད༔ བུ་འཁོར་སྡེ་དང་བཅས་པ་རྣམས༔ འདིར་གཤེགས་གྲོགས་དང་སྲུང་མར་བཞུགས༔ ཤ་ཁྲག་དམར་གཏོར་རཀྟ་དང་༔ ཇ་ཆང་འོ་སྐྱེམས་འདོད་རྒུའི་དཔལ༔ ལྷ་ཀླུ་མི་ཡི་ཟས་དང་ནོར༔ དར་ཟབ་གོ་མཚོན་སྣ་ཚོགས་དང་༔ གཟུགས་འགྲོས་རྣམ་པ་སྣ་ཚོགས་པ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཉིན་གྱི་དུས་སུ་བྱ་ར་དང་༔ མཚན་གྱི་དུས་སུ་མེལ་ཚེ་མཛོད༔ གང་བསམ་འདོད་དོན་ལྷུན་གྲུབ་ཅིང་༔ ཞི་རྒྱས་དབང་དང་དྲག་པོའི་ལས༔ ཐོགས་པ་མེད་པར་འགྲུབ་པར་མཛོད༔ བཀའ་དང་དམ་ཚིག་དྲན་མཛོད་ལ༔ མ་འདའ་བཛྲ་ས་མ་ཡ༔ དེ་ཡིས་སྲུང་མ་བྲན་ཁོལ་འགྱུར༔ དགྲ་ལྷ་འཁོར་ཞིང་རླུང་རྟ་དར༔ འཕྲལ་ཕུག་ཀུན་ཏུ་དགེ་ལེགས་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་གཉེར་འཇམ་དབྱངས་ཕུན་ཚོགས་ནས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།