TTDL-ZABTER-13-PA-126

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-126

༠༠༠༠བརྡ་ཡིག༤༤༣ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཟོ་དོར་ང་འདྲ་མཆེད་བརྒྱད་ཀྱི་བསང་མཆོད་འདོད་རྒུའི་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༤༤ཟོ་དོར་ང་འདྲ་མཆེད་བརྒྱད་ཀྱི༔ བསང་མཆོད་ལག་ལེན་རིམ་པ་ལ༔ འབྲུ་སྣ་ཟས་སྣ་ཤ་ཁྲག་དང་༔ ཇ་ཆང་འོ་ཕུད་ལ་སོགས་པ༔ བཟང་བཏུང་རིགས་སུ་གྱུར་པ་དང་༔ བཟང་ཤིང་སྤོས་ཀྱི་རིགས་རྣམས་ཀྱིས༔ དུ་བ་རྒྱ་ཆེར་བཏང་ནས་སུ༔ ནམ་མཁའ་མཛོད་ཀྱི་སྔགས་བརྗོད་ཅིང་༔ ལྷ་ཀླུ་མི་ཡི་ཟས་ནོར་དཀོར༔ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ རང་ཉིད་པདྨ་འབྱུང་གནས་གསལ༔ ཧཱུྃ༔ སྐུ་གསུམ་དབྱིངས་དང་དབྱིངས་བཞུགས་པའི༔ ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་ལྷས༔ འཇིགས་དང་སྡུག་བསྔལ་ལས་སྐྱོབ་པའི༔ མཐུ་སྟོབས་ནུས་པའི་བྱིན་ཕོབ་ཅིག༔ ཀྱཻ༔ ཡུལ་ནི་མདོ་ཁམས་སྒང་དྲུག་གི༔ ཡུལ་ལྷ་ཀུན་གྱི་སྤྱི་རྗེ་མཆོག༔ རྨ་ཆེན་རྒྱལ་པོ་སྦོམ་ར་ཡིས༔ རྨ་ཤོད་ཡུལ་གྱི་ས་འཛིན་དུ༔ སྤྲུལ་པའི་སྐྱེས་བུ་མཆེད་བརྒྱད་འཕྲུལ༔ ང་མིན་ང་དང་འདྲ་འོ་སྐད༔ གེ་སར་རྒྱལ་པོའི་དགྲ་ལྷ་སྟེ༔ དགྲ་འདུལ་དཔའ་བོ་སྟག་ཆས་ཅན༔ སྨུག་ནག་ཁྲོ་གཏུམ་འོད་དུ་འབར༔ ཆིབས་སུ་རྒྱ་སྟག་ངར་མ་ཆིབས༔ ཕྱག་གཡས་བསམ་གཅོད་རལ་གྲི་ཕྱར༔ གཡོན་པས་འགུགས་བྱེད་ལྕགས་ཀྱུ་བསྣམས༔ འཕྲུལ་གྱི་མདའ་གཞུ་རྐེད་ལ་བསྐོར༔ འདིར་གཤེགས་དགྱེས་པའི་གདན་ལ་བཞུགས༔ འདོད་འཇོའི་བདུད་རྩིའི་བསང་མཆོད་འབུལ༔ མི་འབྲལ་གྲོགས་དང་སྲུང་མ་མཛོད༔ ཝེར་མ་གཏུམ་ཆེན་འབར་བ་ནི༔ དམར་ནག་གཟི་བརྗིད་འོད་དུ་འབར༔ ཆིབས་སུ་མེ་རྟ་དམར་པོ་ཆིབས༔ གཡས་པས་སྲོག་གཅོད་དགྲ་སྟྭ་དང་༔ གཡོན་ན་དགྲ་སྙིང་དམར་རློན་བསྣམས༔ འཕྲུལ་གྱི་མདའ་གཞུ་རྐེད་ལ་བསྐོར༔ འདིར་གཤེགས་དགྱེས་པའི་གདན་ལ་བཞུགས༔ འདོད་འཇོའི་བདུད་རྩིའི་བསང་མཆོད་འབུལ༔ མི་འབྲལ་གྲོགས་དང་སྲུང་མ་མཛོད༔ དགྲ་ལྷ་ས་འཛིན་རྒྱལ་པོ་ནི༔ སྐུ་མདོག་སེར་གསལ་ཞི་མ་ཁྲོ༔ རིན་ཆེན་ནོར་བུའི་ཁྲི་ལ་འགྱིང་༔ ཕྱག་གཡས་ཡིད་བཞིན་ནོར་བུ་དང་༔ གཡོན་པས་རླུང་གི་ཞགས་པ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ འདིར་གཤེགས་དགྱེས་པའི༴འདོད་འཇོའི་བདུད་རྩིའི༴མི་འབྲལ་གྲོགས་དང་༴དགྲ་ལྷ་རྡོ་རྗེ་ཐོགས་མེད་རྩལ༔ མཐིང་ནག་ཁྲོ་ཞིང་གཏུམ་རྔམས་ཞལ༔ ཆིབས་སུ་ངང་པ་རྔོག་ནག་ཆིབས༔ ཕྱག་གཡས་མདུང་དར་སྔོན་པོ་ཕྱར༔ གཡོན་པས་གློ་སྙིང་དྲོན་མོ་བཅིང་༔ འཕྲུལ་གྱི་མདའ་གཞུ་རྐེད་ལ་བསྐོར༔ འདིར་གཤེགས་དགྱེས་པའི༴འདོད་འཇོའི་བདུད་རྩིའི༴མི་འབྲལ་གྲོགས་དང་༴དགྲ་ལྷ་མེ་སྟག་དམར་པོ་ནི༔ ཆིབས་སུ་ཟངས་ཀྱི་འཕར་བ་ཆིབས༔ ཕྱག་གཡས་འགུགས་པའི་ལྕགས་ཀྱུ་དང་༔ གཡོན་པས་སྡོམ་བྱེད་ལྕགས་སྒྲོག་བསྣམས༔ གོས་སུ་ཟངས་ཀྱི་ཁྲབ་རྨོག་གསོལ༔ འཕྲུལ་གྱི་མདའ་གཞུ་རྐེད་ལ་བསྐོར༔ འདིར་གཤེགས་དགྱེས་པའི༴འདོད་འཇོའི་བདུད་རྩིའི༴མི་འབྲལ་གྲོགས་དང་༴དགྲ་ལྷ་མྱུར་མགྱོགས་ཤུགས་ལྡན་ནི༔ སྐུ་མདོག་སྔོ་ནག་ཁྲོ་གཏུམ་རྔམས༔ ཆིབས་སུ་རླུང་རྟ་ཁམ་པ་ཆིབས༔ ཕྱག་གཡས་རལ་གྲི་ཀླད་ལ་བསྐོར༔ གཡོན་པས་རྒྱུ་མའི་ཞགས་པ་བསྣམས༔ གོས་སུ་སྟག་ལྤགས་འདུང་མ་གསོལ༔ འཕྲུལ་གྱི་མདའ་གཞུ་རྐེད་ལ་བསྐོར༔ འདིར་གཤེགས་དགྱེས་པའི༴འདོད་འཇོའི་བདུད་རྩིའི༴མི་འབྲལ་གྲོགས་དང་༴དགྲ་ལྷ་དབང་ཆེན་དགྲ་འཇོམས་རྩལ༔ ལྗང་ནག་གཟི་བརྗིད་འོད་ཕུང་འབར༔ མྱུར་མགྱོགས་ཤུགས་ལྡན་ལྕགས་སྤྱང་ཆིབས༔ ཕྱག་གཡས་མཚོན་ཆའི་འཁོལ་ལོ་དང་༔ གཡོན་པས་གཏེར་གྱི་བུམ་པ་བསྣམས༔ གོས་སུ་དོམ་གྱི་ཐུལ་པ་གསོལ༔ འཕྲུལ་གྱི་མདའ་གཞུ་རྐེད་ལ་བསྐོར༔ འདིར་གཤེགས་དགྱེས་པའི༴འདོད་འཇོའི་བདུད་རྩིའི༴མི་འབྲལ་གྲོགས་དང་༴དགྲ་ལྷ་ཤན་པ་ཀུས་འདེབས་ནི༔ སྐུ་མདོག་དཀར་དམར་འཇིགས་པ་ལ༔ ཆིབས་སུ་བྱ་རྒྱལ་རྒོད་པོ་བཅིབས༔ ཕྱག་གཉིས་ལྕགས་ཀྱི་མདའ་གཞུ་འགེངས༔ སྐུ་ལ་ལྕགས་ཀྱི་ཁྲབ་རྨོག་གསོལ༔ འཕྲུལ་གྱི་མདའ་གཞུ་རྐེད་ལ་བསྐོར༔ འདིར་གཤེགས་དགྱེས་པའི༴འདོད་འཇོའི་བདུད་རྩིའི༴མི་འབྲལ་གྲོགས་དང་༴གེ་སར་ནོར་བུ་དགྲ་འདུལ་གྱི༔ དགྲ་ལྷ་ཝེར་མ་མཆེད་བརྒྱད་ནི༔ འཁོར་ཚོགས་བཅུ་ཕྲག་བཅུ་ཡིས་བསྐོར༔ རབ་མཛེས་སྨན་མོ་བརྒྱད་ཀྱིས་བསྟོད༔ སྡང་བའི་དགྲ་ལ་རྒྱུག་པའི་ཚེ༔ ནམ་མཁའ་ཤ་ཟན་བྱ་ཡིས་གང་༔ བར་སྣང་སྐྱི་སེར་ཐོག་འབྲུག་འུར༔ ས་གཞི་གཅན་གཟན་ངར་མས་གང་༔ འཇིགས་པའི་ཀི་བསྭོ་ཧ་སྒྲ་སྒྲོག༔ མ་ལུས་འདིར་གཤེགས་གདན་ལ་བཞུགས༔ འདོད་འཇོའི་བདུད་རྩིའི་བསང་མཆོད་འབུལ༔ མི་འབྲལ་གྲོགས་དང་སྲུང་མ་མཛོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ སྦྱིན་བདག་མི་ཕྱུགས་འཁོར་བཅས་ལ༔ ལུས་དང་གྲིབ་མ་ཇི་བཞིན་དུ༔ མི་འབྲལ་གྲོགས་དང་སྲུང་མ་མཛོད༔ བསམ་དོན་ཡིད་བཞིན་འགྲུབ་པ་དང་༔ ཆོས་སྲིད་ནོར་ལ་བར་གཅོད་པའི༔ གདོན་བགེགས་ལོག་པར་འདྲེན་པ་དང་༔ ཕྱོགས་བཞིའི་དགྲ་སྡེ་ཆོམ་ལ་ཕོབས༔ དཀོན་མཆོག་གསུམ་གྱི་བདེན་སྟོབས་དང་༔ ཆོས་ཉིད་རྣམ་པར་དག་པ་དང་༔ ཆོས་ཅན་རྒྱུ་འབྲས་བསླུ་མེད་མཐུས༔ བདག་ཅག་ལྷ་མི་འཁོར་བཅས་རྣམས༔ རྫོགས་ལྡན་དུས་ཀྱི་བསྐལ་པ་བཞིན༔ དགེ་ཞིང་ཚེ་རིང་བདེ་སྤྱོད་ཅིང་༔ ལེགས་པའི་ཡོན་ཏན་ཕུན་ཚོགས་ཏེ༔ འཕྲལ་ཕུག་ཀུན་ཏུ་བཀྲ་ཤིས་ཤོག༔ ས་མ་ཡ༔ དེ་ལྟར་དགྲ་ལྷ་ཝེར་མ་རྣམས༔ ཡིད་ལ་བྱས་ཏེ་འདོད་རྒུའི་དཔལ༔ གཞན་འཕྲུལ་ལྷ་བཞིན་ཏིང་འཛིན་གྱིས༔ མི་ཟད་ནམ་མཁའི་མཛོད་དུ་འབུལ༔ དེ་མཐུས་ཇི་ལྟར་སྨོན་བཞིན་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་བཀའ་བློན་འཇམ་དབྱངས་ཕུན་ཚོགས་ནས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།