TTDL-ZABTER-13-PA-128
TTDL-ZABTER-13-PA-128
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དཀར་པོ་རྒྱོག་གི་ས་འཛིན་རི་དབང་རྒྱལ་པོའི་བསང་མཆོད་བཞུགས༔ ན་མོ་གུ་རུ་ཝེ༔ བཟང་ཤིང་ཕྱེ་མར་ཤ་ཁྲག་གི༔ བསང་མཆོད་བྱ་ཞིང་སྔགས་རྒྱ་ཡིས༔ བྱིན་གྱིས་རླབས་ནས་འདི་སྐད་དོ༔ ཧཱུྃ༔ རང་ཉིད་རིག་རྩལ་སྐད་ཅིག་དྲན་རྫོགས་སུ༔ གུ་རུ་རྡོ་རྗེ་ཁྲོ་ལོད་སྐུ་རུ་གསལ༔ གནས་གསུམ་རྡོ་རྗེ་གསུམ་གྱི་འོད་ཟེར་གྱིས༔ བསང་མཆོད་འདོད་རྒུའི་དཔལ་ཡོན་ཕུན་ཚོགས་གྱུར༔ ནམ་མཁའ་མཛོད་སྔགས་ལན་བདུན་བརྗོད༔ ཨ་ཀཱ་རོ་ལན་གསུམ་བརྗོད༔ ཧཱུྃ༔ སྔོན་ཚེ་ཨོ་རྒྱན་པདྨ་ཐོད་ཕྲེང་གིས༔ སྣང་སྲིད་ལྷ་འདྲེ་མ་ལུས་དབང་བསྡུས་ནས༔ དམ་བཏགས་དབང་བསྐུར་བཀའ་བསྒོས་བྱིན་རླབས་ཚེ༔ གངས་རི་འཛིན་པ་གཉན་པོ་གཡུ་རྩེ་ཡི༔ བཀའ་སྡོད་སྒྲོག་ཆེན་རི་ཕྱོར་དྲག་ལྡན་རྩལ༔ མཚན་མོ་སྐྱེས་འགྲོའི་བླ་ལ་རྒྱུག་པའི་ཚེ༔ རྒྱ་སྟག་ཁྲ་བོར་ཞོན་ནས་ལས་མཁན་འགྱེད༔ བླ་རྐུན་སྟག་ལྷ་ནག་པོ་བསང་ངོ་མཆོད༔ ནམ་ལངས་ཡུལ་གཞིའི་བྱ་ར་མཛད་པའི་དུས༔ མི་དཀར་དུང་རྟ་ཞོན་ནས་དར་མདུང་ཕྱར༔ འཁོར་དུ་ལས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར༔ དཀར་པོ་མྱུར་ལྡན་དྲེགས་པ་བསང་༔ སྔ་དྲོ་ཡུལ་སྡེའི་ལོངས་སྤྱོད་སྤེལ་བའི་ཚེ༔ གཏེར་བདག་སེར་པོ་ནོར་བུ་གཏེར་བུམ་བསྣམས༔ འཁོར་དུ་ནོར་བདག་ཀླུ་གཉན་སྟོང་གིས་བསྐོར༔ ནོར་བདག་ཀླུ་གཉན་ཕྱུག་པོ་བསང་༔ ཉིན་གུང་དམག་ཇག་སྐྱེ་བོའི་མགོན་བྱེད་ཚེ༔ མི་སྔོན་རྟ་སྔོན་ལ་ཆིབས་དར་སྔོན་ཕྱར༔ འཁོར་དུ་བདུད་བཙན་ཞུབ་ཅན་སྟོང་གིས་བསྐོར༔ ཤན་པ་གློག་ཕྲེང་འབར་བ་བསང་༔ དགོང་མོ་འགྲོ་བློ་ཁ་ལོ་བསྒྱུར་བའི་དུས༔ མི་དམར་རྟ་དམར་ལ་ཆིབས་མདུང་དམར་ཐོགས༔ འཁོར་དུ་ལྷ་སྲིན་དྲེགས་པའི་ཚོགས་ཀྱིས་བསྐོར༔ དབང་ཆེན་རླུང་ཞགས་དམར་པོ་བསང་༔ བར་སྣང་སྣ་ཚོགས་ལས་ལ་རྒྱུ་བའི་ཚེ༔ དགྲ་བླ་མི་ལྗང་ཆུ་རྟ་སྔོན་པོ་ཆིབས༔ འཁོར་དུ་ས་བདག་གཉན་སྡེ་སྟོང་གིས་བསྐོར༔ མྱུར་མགྱོགས་རི་བཀྲ་བཟང་པོ་བསང་༔ ཁྱོད་ཀྱི་ཆོ་འཕྲུལ་དྲེགས་པའི་འཁོར་ཚོགས་ནི༔ སྐྱབས་མགོན་ཨ་མྱེ་རྨ་ཆེན་བསང་༔ རྒྱབ་བརྟེན་གཉན་པོ་གཡུ་རྩེ་བསང་༔ ཡུམ་མཆོག་དཀར་པོའི་མཚོ་གནས་ཀླུ་ལྕམ་བསང་༔ བློན་པོ་རྫ་བཀྲ་དམར་པོ་བསང་༔ དམག་དཔོན་ན་ཆེན་ཏིལ་དཀར་བསང་༔ གཟི་ལྡན་རྨ་འཛོམ་བྲག་ལྷ་དཀར་པོ་བསང་༔ དཀོར་གཉེར་ངོམ་གྱི་ཆུ་མིག་སེར་པོ་བསང་༔ ཤན་པ་རི་བོ་བརྩེགས་པའི་བདུད་ཕོ་བསང་༔ ཕྱུག་རྫི་ཐང་བོ་བྲག་ལྷ་མྱོག་པ་བསང་༔ འཁོར་ཚོགས་དྲུག་ཅུ་རྩ་དགུའི་ཀླུ་བཙན་བསང་༔ མདོར་ན་སྒྲོག་ཆེན་དྲེགས་པའི་བཀའ་ཉན་པའི༔ ལས་མཁན་ཀླུ་གཉན་བདུད་བཙན་དྲེགས་པ་ཅན༔ རྨ་གཡང་ཕོ་མོའི་ཚོགས་དང་བཅས་པ་བསང་༔ དཀར་དམར་ཟས་སྣ་ཕྱེ་མར་བསང་གིས་མཆོད༔ གོ་མཚོན་དར་གོས་རེག་བྱའི་རིགས་ཀྱིས་མཆོད༔ རྒྱན་དང་ཀ་ཆ་དཀོར་ཆ་དུ་མས་མཆོད༔ འབྲུ་སྣ་གཟུགས་འགྲོས་སྣ་ཚོས་སྤྲུལ་ཏེ་མཆོད༔ སྨན་དང་དམ་རྫས་ལོངས་སྤྱོད་ཚོགས་ཀྱི་མཆོད༔ དབང་པོ་ཡུལ་དྲུག་རྒྱ་མཚོ་ལྟ་བུ་རུ༔ ཏིང་འཛིན་འཕྲུལ་གྱི་འདོད་ཡོན་གཟའ་སྐར་བཞིན༔ སྤྲུལ་པའི་ནམ་མཁའ་མཛོད་ཀྱི་དཔལ་ཡོན་གྱི༔ ཡུལ་གཞི་ས་སྐྱོང་རི་ཕྱོར་དྲག་ལྡན་མཆོད༔ བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་༔ ཀུན་རྫོབ་རྒྱུ་འབྲས་རྟེན་འབྲེལ་ཟབ་མོའི་མཐུས༔ ལྷ་སྲུང་གཞི་བདག་གཉན་པོ་མཉེས་བྱེད་པའི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་འབྱུང་གྱུར་ཅིག༔ དུས་གསུམ་རྒྱལ་བའི་བཀའ་དམ་དཔང་བཙུགས་ནས༔ ཁྱེད་ལ་བསང་མཆོད་འབུལ་ཞིང་ཕྲིན་ལས་བཅོལ༔ སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད༔ དགེ་འདུན་སྡེ་སྐྱོང་དགེ་བའི་སྡོང་གྲོགས་མཛོད༔ མི་ནོར་ལོངས་སྤྱོད་སྤེལ་ལ་དགྲ་སྡེ་ཐུལ༔ ཕན་ཚུན་མཐུན་པ་སྒྲུབ་ལ་འཁོན་པ་བསྡུམ༔ མི་ཕྱུགས་ནད་རིམས་གོད་ཁ་རྐྱེན་ངན་ཟློག༔ བདག་ཅག་གར་གནས་ས་ཕྱོགས་དུས་ཀུན་དུ༔ དགེ་ལེགས་བདེ་སྐྱིད་ཕུན་སུམ་ཚོགས་པར་མཛོད༔ དམག་འཁྲུག་མུ་གེའི་བསྐལ་པ་ཀུན་བཟློག་ཅིང་༔ རྗེ་བློན་འབངས་འཁོར་བདེ་ལ་འགོད་པར་མཛོད༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ དེ་ལྟར་གྲངས་ལྡན་བརྗོད་པས་ལྷ་མི་ཀུན༔ བདེ་སྐྱིད་དཔལ་དང་ཡོན་ཏན་གྱིས་བརྒྱན་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རང་གི་སློབ་བུ་དམ་པ་ཨོ་རྒྱན་མཁྱེན་རབ་རྒྱ་མཚོས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ལུང་ཟིན་དེ་ཉིད་དོ།།དགེའོ།།།།