TTDL-ZABTER-14-PHA-001

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-001

༁ྃ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གསོལ་འདེབས་བར་ཆད་ལམ་སེལ་བཞུགས་སོ༔ ཨེ་མ་ཧོཿལྷོ་ནུབ་རྔ་ཡབ་ཟ་བྱེད་སྲིན་པོའི་ཡུལ༔ ཟངས་མདོག་དཔལ་རི་པདྨ་འོད་ཞིང་ནས༔ སྐུ་གསུམ་བླ་མ་པད་མ་འབྱུང་གནས་ལ༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ ལྔ་བརྒྱ་རྩོད་དུས་སེམས་ཅན་སྡུག་རེ་བསྔལ༔ མཐའ་ཡི་རྒྱ་འདྲེ་འབྱུང་པོ་གདུག་པ་ཅན༔ བོད་ལ་ཇེ་དར་རྗེས་སུ་སྣུབ་ནས་འོང་༔ ནམ་མཁའི་ཁམས་ནས་དུ་བ་སྔོན་པོར་བརྫུ༔ ཕུང་སྲི་བཙའ་ཐན་སེར་བའི་སྣ་འདྲེན་བྱེད༔ གློ་གོར་ཧོན་སོགས་ནད་ཀྱིས་ནོར་ལ་འཚེ༔ ཐོག་སེར་གཟའ་རྒོད་སྐར་མདའ་སྟེང་ནས་འོང་༔ མཛེ་ནད་གག་ལྷོག་གཟེར་གསུམ་འོག་ནས་གཟེར༔ སྨྱོ་འབོག་འགོ་བའི་ནད་རིམས་བར་ནས་འཚུབས༔ ནད་མཚོན་མུ་གེའི་བསྐལ་པ་མཐའ་ནས་དར༔ མཐའ་ཡི་དམག་དཔུང་དབྱར་ཆུ་ཕྱུར་བ་བཞིན༔ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔ སྔོན་གྱི་ཐུགས་དམ་ཞལ་བཞེས་མ་གཡེལ་བར༔ ཕྱི་ཡི་རྣམ་རྟོག་བར་ཆད་ཕྱི་རུ་སོལ༔ ནང་གི་གཉིས་འཛིན་ནད་གདོན་ནང་དུ་སོལ༔ གསང་བ་སེམས་ཉིད་སྒྲིབ་པ་དབྱིངས་སུ་སོལ༔ བདག་རྒྱུད་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པ་འདིའང་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་བདུད་འཇོམས་གླིང་པས་ས་ཕོ་བྱི་བའི་ལོ་ཟླ་བ་དགུ་པར་ལེགས་སྒོམ་བཀྲ་ཤིས་བསམ་འགྲུབ་གླིང་དུ།རྡོ་རྗེ་ཕུར་པའི་སྒྲུབ་ཆེན་སྐབས།ཉེར་ལྔའི་སྔ་དྲོ་བྱིན་འབེབས་དུས་སུ་ཨོ་རྒྱན་ཆེན་པོས་དངོས་སུ་ནམ་མཁའ་ནས་གསུངས་པ་དེང་དུས་འགྲོ་བ་རྣམས་ལ་ཕན་པ་རྒྱ་ཆེ་བར་ཐེ་ཚོམ་བྲལ་བས་ཐམས་ཅད་ཀྱིས་དད་མོས་རྩེ་གཅིག་པས་ཁ་ཏོན་བྱས་ན་ལེགས།ཞེས་ཡི་གེར་འདུ་བྱེད་པ་པོ་ནི་སྒོམ་སྤྲུལ་མིང་འཛིན་པ་མཁས་གྲུབ་རྒྱ་མཚོས་བྲིས་པའོ།།ཛ་ཡནྟུ།།།།