TTDL-ZABTER-14-PHA-005

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-005

བརྡ་ཡིག༠༠༠༠༠༠༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཟབ་ལམ་འཕོ་བའི་གདམས་པ་རང་གྲོལ་གསང་ལམ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ འཕོ་བ་རང་གྲོལ་གསང་ལམ་ནི༔ དད་བརྩོན་མོས་གུས་ལྡན་པ་ཡིས༔ སྐལ་ལྡན་སྐལ་བར་བསྔགས་པ་དེ༔ ཉམས་སུ་ལེན་ཀུན་ངེས་གྲོལ་བྱེད༔ ས་མ་ཡ༔ བརྡ་ཡིག༠༠༠༠༠༠༡༣༔ ཨེ་མ་ཧོཿརང་སྣང་ལྷུན་གྲུབ་དོན་གྱི་འོག་མིན་མཁར༔ ཆགས་བྲལ་པདྨ་ཟླ་རྒྱས་གདན་སྟེང་དུ༔ རང་ལུས་མཁའ་སྤྱོད་གཙོ་མོ་རྣལ་འབྱོར་མ༔ དཀར་གསལ་མདངས་ལྡན་བཅུ་དྲུག་ལང་ཚོས་མཛེས༔ ཕྱག་གཡས་གྲི་གུག་གཡོན་པས་བྷན་ཐོད་འཛིན༔ སྣ་ཚོགས་རཏྣ་རུས་པའི་རྒྱན་གྱིས་སྤྲས༔ སྤྱན་གསུམ་མཁར་གཟིགས་དབུ་སྐྲས་སྐུ་རྒྱབ་ཁེབས༔ མཚན་དཔེས་རབ་འཁྱུད་ཞབས་གཉིས་དོར་སྟབས་མཛད༔ ཡེ་ཤེས་འཇའ་སྐུ་སྟོང་རའི་གུར་ཁྱིམ་དབུས༔ ཨ་ཝ་དྷུ་ཏི་མདའ་སྨྱུག་འབྲིང་པོ་ཙམ༔ ཕྱི་དཀར་ནང་དམར་བར་སྔོ་གསལ་འཚེར་སྣུམ༔ མར་སྣ་ལྟེ་བར་ཚིགས་ཀྱིས་འགགས་པ་ལས༔ ཡར་སྣ་བདེ་ཆེན་ཚངས་པའི་བུ་གར་ཕྱེས༔ ཁྲུ་གང་སྟེང་དུ་འཕགས་པའི་གནས་མཆོག་ཏུ༔ སྣ་ཚོགས་པདྨ་ཟླ་རྒྱས་ལྟེ་བ་རུ༔ རྩ་བའི་བླ་མ་མགོན་པོ་འོད་དཔག་མེད༔ དམར་གསལ་ཉི་མ་འབུམ་བརྡལ་འོད་ཕུང་འབར༔ ཞབས་གཉིས་སྐྱིལ་ཀྲུང་ཕྱག་གཉིས་མཉམ་བཞག་མཛད༔ ཞི་འཛུམ་མཚན་དཔེ་རབ་རྫོགས་གཞོན་ཚུལ་མཛེས༔ ཆོས་གོས་རྣམ་གསུམ་གསོལ་ཞིང་ལྷུང་བཟེད་བསྣམས༔ མཐའ་བསྐོར་སངས་རྒྱས་བྱང་སེམས་རིག་འཛིན་ཚོགས༔ ཉི་མ་དང་ནི་འོད་ཟེར་ཇི་བཞིན་པར༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་འཁོར་ལོར་བསྒོམ༔ སྙིང་གར་པདྨ་ཟླ་རྒྱས་ལྟེ་བ་རུ༔ རྣམ་ཤེས་ངོ་བོ་དྭངས་མའི་ཐིག་ལེ་ནི༔ གསལ་འཚེར་སྣུམ་དྲིལ་མ་སར་སྒོ་ང་ཙམ༔ དབུ་མའི་ལམ་ནས་དཔག་ཆེན་མདའ་ལྟར་འཕང་༔ སྣང་བ་མཐའ་ཡས་ཐུགས་དང་དབྱེར་མེད་བསྲེ༔ ཕཊ༔ ཕཊ༔ ཕཊ༔ དེ་ནས་གསོལ་བ་འདེབས་ཤིང་ཡང་ཡང་བསྲེ་འཕོ་བྱ་བ་འདི་ཡང་མཆོག༔ ཨེ་མ་ཧོཿབླ་མ་དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་ཡོངས་འདུས་མགོན་པོ་འོད་དཔག་མེད༔ མཁྱེན་བརྩེ་ནུས་པའི་བདག་ཉིད་རིགས་གསུམ་མགོན༔ བརྒྱུད་གསུམ་ཆུ་བོ་གཅིག་འདྲེས་པདྨ་འབྱུང་༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ ཡང་ཡང་སྦྱང་བའི་མཐར་སྨོན་ལམ་གདབ་པ་ནི༔ དུས་གསུམ་གཤེགས་པའི་རྒྱལ་བ་སྲས་བཅས་ཀྱི༔ ཐུགས་རྗེ་བྱིན་རླབས་ནུས་སྟོབས་བདེན་པའི་མཐུས༔ བདག་དང་འབྲེལ་ཐོགས་སེམས་ཅན་མ་ལུས་པ༔ ཚེ་འདིའི་སྣང་བ་ནུབ་པར་གྱུར་མ་ཐག༔ རྣམ་དག་དབུགས་ཆེན་འབྱིན་པའི་ཞིང་ཁམས་སུ༔ དབང་བསྒྱུར་འཁོར་བ་དོང་སྤྲུགས་དཔལ་ཐོབ་ཤོག༔ ལན་གསུམ་བརྗོད་མཐར༔ ལམ་སྦྱོང་དུས་སུ་འདི་ལྟར་བཞག་པར་བྱ༔ ཧོཿརིགས་བདག་བླ་མ་སངས་རྒྱས་བྱང་སེམས་ཀུན༔ འོད་དམར་རྣམ་པར་དབུ་མའི་ལམ་ནས་བབ༔ སྙིང་དབུས་མི་ཤིགས་ཐིག་ལེར་རོ་གཅིག་འདྲེས༔ སྒོ་གསུམ་རྡོ་རྗེ་གསུམ་དང་དག་མཉམ་རོལ༔ ཞེས་བཞག༔ ལས་ལ་སྦྱར་ཚེ་ལྟ་བས་རྒྱས་འདེབས་ནི༔ ཧོཿམ་དག་གཟུང་འཛིན་ལུགས་འབྱུང་སྣང་སེམས་ཆོས༔ ཡུལ་མེད་ཟང་ཐལ་ཆེན་པོར་ཧར་སངས་ཏེ༔ འཕོ་བྱ་འཕོ་བྱེད་བྲལ་བའི་བྱ་བཏང་གིས༔ ཉག་གཅིག་བྱང་ཆུབ་ཆེན་པོར་འུབ་ཆུབ་བོ༔ འདི་ལྟར་རྟག་ཏུ་ཉམས་ལེན་པའི༔ སྐལ་ལྡན་ལས་ཅན་སྐྱེས་བུ་ཀུན༔ སྤྲུལ་པའི་སྐུ་རུ་སངས་རྒྱས་ཏེ༔ གཞན་དོན་རླབས་ཆེན་འགྲུབ་གྱུར་རོ༔ བདག་འདྲ་པདྨ་འབྱུང་གནས་ངས༔ གདུལ་བྱ་རྗེས་སུ་བཟུང་བའི་ཕྱིར༔ ཡང་ཟབ་མ་བསྒོམ་འཕོ་བའི་ལམ༔ སྙིང་གི་བུ་ལ་གཏད་དོ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།