TTDL-ZABTER-14-PHA-007
TTDL-ZABTER-14-PHA-007
བརྡ་ཡིག༠༠༠༠༠༠༡༩༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྐྲ་དང་བ་སྤུའི་དག་སྦྱོར་རྡོ་རྗེའི་གྲོང་འཕོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག༠༠༠༠༠༠༔ རྣལ་འབྱོར་རལ་པའི་ལྕང་ལོ་ལ༔ དག་སྦྱོར་རྡོ་རྗེའི་གྲོང་འཕོ་ནི༔ ཨོཾ་ཨཱཿཧཱུྃ༔ རང་ཉིད་པདྨ་འབྱུང་གནས་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་འོད་དང་འོད་ཟེར་རབ་ཏུ་འབར་ཞིང་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ༔ ཕྱག་གཡས་པས་རྡོ་རྗེ་དང་༔ གཡོན་པས་དབང་གི་ཞགས་པ་བསྣམས་པ༔ ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ༔ ཞབས་གཉིས་རོལ་པའི་སྟབས་སུ་བཞུགས་པའི་སྐུ་སྨད་སྟག་གི་ལྤགས་པའི་ཤམ་ཐབས་གསོལ་ཞིང་༔ རིན་པོ་ཆེ་དང་ཐོད་པའི་ཕྲེང་བའི་དོ་ཤལ་དང་སེ་རལ་ཁ་བྱས་པ༔ རལ་པ་གནག་སྣུམ་གྱེན་དུ་བརྫེས་པའི་སྐྲ་ཤད་རྣམས་དཔའ་བོ་མཁའ་འགྲོ་དཀར་སེར་དམར་ལྗང་མཐིང་ནག་གྲི་ཐོད་བསྣམས་ནས་ཞབས་གཉིས་གར་སྟབས་ལིང་ལིང་བསྒྱུར་བའི་གནས་གསུམ་ལས་འོད་འཕྲོས་པས་སྐུ་གསུམ་དག་པའི་ཞིང་ནས་དཔའ་བོ་མཁའ་འགྲོ་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་མཚོ་ལ་ཁ་ཆར་བབས་པ་ལྟར་དམ་ཚིག་པ་དང་གཉིས་སུ་མེད་པར་ཐིམ་པར་བསམ་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷརྨ་ཀཱ་ཡ༔ སམྦྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ བུདྡྷ་དྷརྨ་སངྒ་དཱེ་ཝ་ཌཱ་ཀི་ནཱི་བཾ་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛཿཨ་ཝེ་ཤ་ཡ་ཨ་ཨཱཿལན་བདུན་བརྗོད༔ ཨ་ཨཱཿཨི་ཨཱིཿསོགས་དབྱངས་རྣམས་ལན་བདུན་བརྗོད༔ ཀ་ཁ་ག་གྷ་ང་༔ སོགས་གསལ་བྱེད་ལན་བདུན༔ རྟེན་འབྲེལ་སྙིང་པོ་ལན་བདུན་བརྗོད་མཐར༔ ལྷ་རྣམས་འོད་དུ་ཞུ་ནས་སྐྲ་ཤད་རྣམ་པར་གྱུར་པ་འོད་དང་འོད་ཟེར་རབ་ཏུ་འབར་ཞིང་འཕྲོས་པས་སྣང་སྲིད་དག་པ་རབ་འབྱམས་ཀྱི་རོལ་པར་བསྒྱུར་བ་དང་༔ བདག་ལུས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལན་ཚྭ་ཆུ་རུ་ཞུ་བ་བཞིན་དུ་ཡེ་ཤེས་སྒྱུ་མའི་སྐུ་འོད་ལུས་ཆུ་ཟླ་ལྟ་བུར་གྱུར་པར་བསྒོམ་ལ༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི༔ བ་སྤུ་དཔའ་བོ་མཁའ་འགྲོ་རུ༔ བསྒོམ་ཞིང་བསྙེན་སྔགས་བཟླ་བའི་ཚེ༔ སོ་རྣམས་ཞི་ཁྲོའི་ལྷ་རུ་གསལ༔ ལྕེ་དབང་རྒྱལ་བ་ཐམས་ཅད་ཀྱི༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་བཅུད་དྲིལ་ངོ་བོར་དམིགས༔ ཀུན་ཀྱང་བུང་བ་ཚང་ཞིག་ལྟར༔ སྔགས་སྒྲ་འུར་ཆེམ་སྒྲོགས་པར་དམིགས༔ དེ་ལྟར་གནད་དང་ལྡན་གྱུར་ན༔ དངོས་གྲུབ་རྣམ་གཉིས་འབད་མེད་འགྲུབ༔ ལྷར་གསལ་བ་ཡི་རྣལ་འབྱོར་གྱིས༔ སྐྲ་དང་བ་སྤུ་བྲེག་མི་བྱ༔ བྲེག་ན་ལྷ་ཁང་བཤིགས་དང་མཚུངས༔ བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་གྱིས༔ དག་སྦྱོར་ལམ་ཁྱེར་ཟབ་མོ་གནད༔ བར་ཆད་རྐྱེན་ངན་ངང་གིས་གྲོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་རྣལ་འབྱོར་པ་རིག་འཛིན་རྒྱ་མཚོ་དང་ངག་དབང་ཕྲིན་ལས་གཉིས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིགསརྦ་མངྒ་ལཾ།དགེའོ།།།།