TTDL-ZABTER-14-PHA-009
TTDL-ZABTER-14-PHA-009
བརྡ་ཡིག༠༠༠༠༠༠༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གཤིན་པོ་རྗེས་འཛིན་རུས་པ་སྦྱོང་བའི་ཆོ་ག་འབྲེལ་ཚད་རྣམ་གྲོལ་བཞུགས༔ ན་མོ་གུ་རུ་ས་ར་ཧ་པ་ཡེ༔ གཤིན་པོ་རྗེས་འཛིན་རུས་སྦྱོང་ཆོ་ག་ལ༔ རྟོགས་པ་མངོན་གྱུར་ལྟ་བའི་གདིང་ལྡན་པའི༔ རུས་པ་སྐུ་གསུམ་ལྷུན་གྲུབ་རིང་བསྲེལ་ཏེ༔ གང་གིས་མ་སྒྲུབ་དད་པའི་རྟེན་དུ་ལེགས༔ དེ་མིན་ཉོན་མོངས་རང་ཁར་སྤྱོད་པ་ཡི༔ འཁྲུལ་པའི་སེམས་ཅན་སྡུག་བསྔལ་རྒྱུ་བསྒྲུབ་པའི༔ གཤིན་པོའི་རུས་པ་མཆོད་རྟེན་བྱེད་མི་རུང་༔ སྒྲིབ་པ་སྦྱོང་ཕྱིར་ངན་སོང་སྦྱོང་བའི་སྔགས༔ བཏབ་པ་གལ་ཆེ་དྲི་བཟང་ཆུ་ཡིས་བཀྲུ༔ རུས་པའི་སྟེང་དུ་བཅོ་ལྔའི་དུང་ཟླ་ལྟར་དཀར་བའི་ཨཱ༔ དཀར་པོ་གསལ་བ་ལ་འོད་ཟེར་འཕྲོས་པས་ཚེ་འདས་ཀྱི་སྒྲིབ་གཉིས་བག་ཆགས་ཐམས་ཅད་ཤེལ་གོང་གི་རྡུལ་ཕྱིས་པ་ལྟར་སྦྱངས་པར་བསམ་ལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་དང་ཀཾ་ཀ་ནི་མང་དུ་བཟླས་ནས་བཏབ་པའི་ཆུས་རུས་པ་རྣམས་བཀྲུས་ཏེ་སྐམ་ཐག་ཆོད་པའི་རྗེས་སུ་དྲི་བཟང་དང་བུམ་ཆུ་འདག་པ་བཟང་པོའི་འཇིམ་པ་བསྲེས་ཏེ་ལྷ་གང་ཡིན་པ་དེ་ཡི་སྙིང་པོ་བརྗོད་བཞིན་དུ་འཇིམ་པ་རིན་པོ་ཆེའི་ཕུང་པོར་བསམ་སྟེ༔ རང་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འོག་མིན་རྣམ་སྣང་གངས་ཆེན་གྱི་ཐུགས་ཀར་ཕོག་ཐུགས་དམ་གྱི་རྒྱུད་བསྐུལ་ཐུགས་ཀ་ནས་འོད་ཟེར་འཇའ་སྤྲིན་འཐིབ་པ་ལྟ་བུ་བྱུང་བས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས་སླར་ཡང་འོད་འཕྲོས་འཇིམ་པ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པར་བསམ༔ མཛུབ་མོ་རྣམས་རྒྱལ་བ་རིགས་ལྔ་ཡབ་ཡུམ་དུ་གསལ་ཏེ༔ ཁ་སྦྱར་བའི་བར་དུ་འཇིམ་པ་བཟུང་སྟེ༔ ཨོཾ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན་ཡ༔ པྲ་བྷ་རཱ་ཛ་ཡ་ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཏདྱ་ཐཱ༔ ཨོཾ་སུཀྵྨེ་སུཀྵྨེ༔ ས་མ་ས་མ་ཡེ༔ ཤནྟེ་དནྟེ་ཨ་པ་ཡ་རོ་བེ༔ ཨ་ན་ལམྦྷེ༔ ཏྭ་རམྦྷེ༔ ཡ་ཤོ་ཝ་ཏི༔ མ་ཧཱ་དེ་ཛཿནི་རཱ་ཀུ་ལེ༔ ནིརྦཱ་ཎེ༔ སརྦ་བུདྡྷ་ཨ་དྷིཥྛ་ན༔ ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཨོཾ་ཛི་ན་ཛིཀ་སྭཱ་ཧཱ༔ ཞེས་ཉི་ཤུ་རྩ་གཅིག་བརྗོད༔ ཡི་གེ་བརྒྱ་པས་བྱིན་གྱིས་བརླབས་ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྲུབ་ཀྱི་རང་བཞིན་དུ་བསམ༔ རྡོ་རྗེའི་སྲོག་ཐོབ་པར་བསམ་ལ་འཇིམ་པ་བཅད༔ ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཆོས་ཕུང་བརྒྱད་ཁྲི་འདུས་པའི་ངོ་བོར་དམིགས་ལ་འབི་འབི་བྱ༔ ཨོཾ་བཛྲོད་བྷ་ཝ་ཡ་སྭཱ་ཧཱ༔ ཡེ་ཤེས་ཀྱི་ངོ་བོ་མ་རིག་པའི་རྡུལ་དང་བྲལ་བར་བསམ་ལ་སྣུམ་བྱུག༔ ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ༔ ཆོས་དབྱིངས་ཡེ་ཤེས་ཀྱི་སྙིང་པོ་རང་མལ་དུ་འཇུག་པར་བསམ་ལ་བརྐོས་ཕོར་ནང་དུ་བཅུག༔ ཨོཾ་དྷརྨ་དྷརྟུ་གརྦྷ་སྭཱ་ཧཱ༔ ལན་ལྔ་བརྡབ་པའི་ཚེ་དང་པོས་ཆོས་སྐུ༔ གཉིས་པས་ལོངས་སྐུ༔ གསུམ་པས་སྤྲུལ་སྐུ༔ བཞི་པས་ངོ་བོ་ཉིད་སྐུ༔ ལྔ་པས་མི་འགྱུར་རྡོ་རྗེའི་སྐུས་རྒྱས་གདབ་པར་གྱུར༔ ཨོཾ་བཛྲ་མུངྒ་ར་ཨ་ཀོ་ཊ་ཡ་ཧཱུྃ་ཕཊ༔ ལན་ལྔ་བརྗོད༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་གཟུངས་གཞུག་ལ་འདུས་པར་བསམ༔ ཚ་ཚའི་ནང་དུ་གཞུག་པ་ཙམ་གྱིས་ཚེ་འདས་ཀྱི་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དག་པ་རྡོ་རྗེ་གསུམ་གྱི་རོལ་པ་རུ་གོ་འཕོས་པར་བསམ་སྟེ༔ ཨོཾ་སརྦ་བིདྱཱ་སྭཱ་ཧཱ༔ ཡིག་བརྒྱ་རྟེན་སྙིང་གཟུངས་སུ་གཞུག༔ བརྐོས་ཕོར་ནས་ཕྱུང་བའི་དུས་སུ་ཆོས་ཀྱི་དབྱིངས་ལས་འགྲོ་བའི་དོན་དུ་གཟུགས་ཀྱི་སྐུར་བཞེངས་པར་བསམ་ལ༔ ཨོཾ་དྷརྨ་ར་ཏི་སྭཱ་ཧཱ༔ རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པར་ཡང་ཡང་བསམ་སྟེ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་མེ་ཏོག་འཐོར་ཞིང་རབ་ཏུ་གནས་པར་བྱའོ༔ དེ་ནས་དཀྱིལ་འཁོར་གྱི་དབུས་སུ་གཞུག་སྟེ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ༴ཀོ྅ཧཾ༔ སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས་ཕྱི་མཆོད་རྟེན་གྱི་རྣམ་པ་ལ་ནང་ཡེ་ཤེས་ལྔ་ལྡན་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བ་གྲུ་ཆད་གློ་འབུར་དང་བཅས་པའི་དབུས་སུ་པདྨ་ཉི་ཟླའི་གདན་ལ་ལྷ་གང་ཡིན་གྱི་གཞུང་གི་ལྷ་བསྐྱེད་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་བསྟོད་པ་དང་བཅས་པ་རྫོགས་མཐར༔ ལྷ་དེ་དག་རང་རང་གི་ཐུགས་སྲོག་གསལ་བའི་མཐའ་བསྐོར་དུ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་གྱི་ཕུང་པོ་དཔག་ཏུ་མེད་པ་འཕྲོས་པས་ཚེ་འདས་ཆེ་གེ་མོའི་སེམས་དང་སྣང་བ་ཐམས་ཅད་འུབ་ཀྱིས་བསྡུས་ཏེ་དཀྱིལ་འཁོར་གྱི་གྲལ་མཐའ་རུ་འཁོད་ནས་ཡོད་པ་ལ་ལྷ་རྣམས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་སྒྲིབ་གཉིས་བག་ཆགས་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་བཞིན་དུ་སངས་ཀྱིས་དག་ནས་སྣང་བ་སྐུ་དང་ཞིང་ཁམས་རང་ལུས་ཡེ་ཤེས་ལྷ་ཡི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཞིག་ཏུ་གྱུར་ཏེ་སྔགས་ཀྱི་སྒྲ་དབྱངས་སྒྲོགས་བཞིན་དུ་དཀྱིལ་འཁོར་གྱི་ལྷ་ལ་དད་གུས་དང་དགའ་སྤྲོའི་སེམས་ཀྱིས་གནས་པར་གྱུར༔ ཅེས་རྩ་སྔགས་བརྗོད༔ སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཟླས༔ སྣང་སྲིད་ཐམས་ཅད་ཡེ་ཤེས་ལྷའི་སྐུ་དང་ཞིང་ཁམས་ཀྱི་རོལ་པར་དམིགས་ཏེ་བསྒྲུབ་མཐར༔ དབྱིངས་ཀྱི་ཡུམ་ཆེན་ལྔ་གང་ཡང་རུང་བའི་མཁའ་རུ་ཐིམ་པར་བསམ༔ དེ་ཡང་བུ་རྒྱུད་ཕྱི་རབས་འདོད་པས་ཆུ་ལ་བཏབ༔ ཕྱི་རབས་ལ་ཞེན་ཆགས་མེད་པ་དག་གིས་ས་དཔལ་བཟང་པོར་འཇོག་པ་ཡིན༔ དེ་ལྟར་བསོད་ནམས་ཀྱིས་འབྱོར་བ་དག་གིས་ནི་དང་པོ་སྲོག་ཤིང་ལ་མིང་ཡིག་གིས་དཀྲིས༔ དེ་མཐར་མི་འཁྲུགས་པའི་གཟུངས་དག་གིས་དཀྲིས༔ དེ་མཐར་རྟེན་འབྲེལ་སྙིང་པོས་དཀྲིས་ཏེ༔ མི་རྒྱུད་ལ་སེམས་པས་ཆུ་ལ་བཏབ༔ མི་སེམས་པ་དག་གིས་ས་བཟང་དང་དཔལ་ཁ་འཛོམས་པ་དག་ལ་གཏད་པ་ཡིན་པས་ཤེས་པར་གྱིས་ཤིག༔ འདི་དག་ལས་ངན་སྡིག་ཅན་ཡང་༔ མཐོ་རིས་གནས་སུ་འདྲོངས་པ་ཡི༔ མན་ངག་ཟབ་མོ་མ་མཁའ་འགྲོས༔ གདམས་པའི་གནད་ཟབ་བླ་ན་མེད༔ ཚུལ་བཞིན་ལག་ལེན་གནད་ལྡན་མཛོད༔ དྲེད་པོ་གཡོ་སྒྱུའི་སེམས་ལྡན་པའི༔ ཆོམ་རྐུན་དག་ལ་ཆ་མ་མཆིས༔ ཟོལ་མེད་ངག་དབང་རྒྱ་མཚོ་ཡི༔ སྐལ་པར་གདམས་པ་དེ་ཁོ་ན༔ ས་མ་ཡ༔ པདྨ་འོད་དུ་ཨ་ཐམ་རྒྱ༔ ཞེས་པ་འདི་སློབ་བུ་ངག་དབང་རྒྱ་མཚོས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།