TTDL-ZABTER-14-PHA-010
TTDL-ZABTER-14-PHA-010
བརྡ་ཡིག༠༠༠༠༠༠༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྒྲུབ་པའི་ཁོག་དབུབ་རིན་ཆེན་གཏེར་གྱི་བུམ་བཟང་བཞུགས་སོ༔ བརྡ་ཡིག༠༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག༠༠༠༠༠༠༣༤༔ སྒྲུབ་པ་ཉམས་སུ་ལེན་པ་ཡིས༔ སྣང་བ་གཟུགས་བརྙན་ཆོས་རྣམས་ལ༔ ཁོག་དབུབ་ཆོ་ག་མེད་ཐབས་མེད༔ དོན་དམ་སྤྲོས་མེད་སྒྲུབ་པ་ལ༔ བདག་མདུན་ལྷ་རུ་གསལ་བ་ལས༔ ཆོ་ག་ལས་ཀ་ཡོད་མ་ཡིན༔ དེ་མིན་སྤྲོས་བཅས་ཆོས་རྣམས་ལ༔ འཇིག་རྟེན་ཐ་མལ་སྒོ་བསྟུན་ཏེ༔ སྣ་ཚོགས་ལས་ཀ་འདི་དག་ནི༔ མ་དང་མཁའ་འགྲོས་གཞན་རྒྱུད་དང་༔ བསྟུན་པའི་ལས་ཀ་འདི་ན་འདུ༔ མ་དག་སྲིད་པ་ལུགས་ལྡོག་སྟེ༔ དག་པ་དབྱིངས་ཀྱི་ལྷར་སྣང་བཀོད༔ ས་ལ་བདག་བཟུང་ས་བདག་ལ༔ ས་རིན་འཇལ་ཅིང་ས་བསླང་ནི༔ རང་ཉིད་སྐད་ཅིག་གིས་ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་བ་ལས་བཞི་ལ་དབང་བ༔ གཡས་རྒྱ་གྲམ་དང་གཡོན་དྲིལ་བུ་འཛིན་པའི་སྐུར་གྱུར༔ དེ་ནས་དཀར་གཏོར་བཤམས་ལ༔ ཨོཾ་སྭ་བྷཱ་ཝས་སྟོང་བར་སྦྱངས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་བྷྲུྃཿལས་སོགས་ནས་ས་མ་ཡ༔ དེ་ནས་ས་ལྷའི་གཏོར་མ་གོང་ལྟར་བྱིན་གྱིས་རླབས་ནས༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་སྟོང་གསུམ་ས་ཡི་ངོ་བོ་ལ༔ རྣམ་པ་ས་ཡི་ལྷ་མོ་བརྟན་མ་གསེར་བཙོ་མའི་མདོག་ལྟ་བུ་གཡས་ནོར་བུ་དང་༔ གཡོན་གསེར་གྱི་གཞོང་པ་ཐོགས་པ༔ སྐུ་སྟོད་ས་ནས་ཐོན་ཞིང་༔ སྐུ་སྨད་ས་ཡི་རང་བཞིན་དུ་སྣང་བའི་མཐར་ས་བདག་དང་༔ ཀླུ་དང་གཉན་རྣམས་ཀྱིས་བསྐོར་བ་སྤྱན་དྲངས༔ བྷུ་མི་པ་ཏི་སུཾཿཀ་ལི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿཏིཥྛ་ལྷན༔ ཧོཿསྟོང་གསུམ་ས་ལ་དབང་མཛད་པའི༔ ས་བདག་གཉན་གྱི་བདག་མོ་ལགས༔ ཤཱཀྱ་ཐུབ་པའི་བཀའ་བཞིན་དུ༔ དངོས་སུ་འབྱོར་དང་ཡིད་སྤྲུལ་གྱི༔ འདོད་ཡོན་ནམ་མཁའ་མཛོད་དུ་འབུལ༔ བརྩེ་བ་ཆེན་པོས་བཞེས་པར་རོལ༔ ཨོཾ་བྷུ་མི་པ་ཏི་སུཾ༔ ཀ་ལི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་གྱིས་ཕུལ་མཐར༔ ཨོཾ་བྷུ་མི་པ་ཏི་སུཾཿཀ་ལི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་ནས་ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་ནས་བསྟོད་པ་ནི༔ ཧོཿདུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ ས་ལ་དབང་བར་མངའ་གསོལ་ཞིང་༔ ས་བདག་ཀླུ་གཉན་ཐམས་ཅད་ལ༔ དབང་བསྒྱུར་དབང་བསྐུར་དབང་ཕྱུག་མོ༔ ལྷ་མོ་ཁྱེད་ལ་ཕྱག་འཚལ་བསྟོད༔ ངས་རྒྱུད་ཁྱོད་ཀྱི་མཁྱེན་བཞིན་དུ༔ ཀོ་ལོང་རུ་ང་མ་བྱེད་པར༔ ཐར་པ་ཆེན་པོའི་གྲོང་ཁྱེར་དུ༔ དག་པའི་དཀྱིལ་འཁོར་འདེབས་ལགས་ཀྱི༔ ས་འདི་བདག་ལ་སྩལ་ནས་ཀྱང་༔ བདག་གི་འདོད་དོན་བསྒྲུབ་ཏུ་གསོལ༔ བྷུ་མི་པ་ཏི་སུཾཿཀ་ལི་སརྦ་སིདྡྷི་ཕ་ལ་ཧོཿཞེས་ལྷ་མོ་འཁོར་དང་བཅས་པ་ཐུགས་དགྱེས་ཤིང་མགྲིན་གཅིག་ཏུ༔ ཧོཿཁྱོད་ནི་ཤཱཀྱ་ཐུབ་པའི་སྲས༔ གསང་སྔགས་དཀྱིལ་འཁོར་བཞེངས་པའི་ས༔ ཅི་དགར་སྤྱོད་ལ་གང་འདོད་ཁྱེར༔ སྔོན་གྱི་དམ་ཚིག་ཇི་བཞིན་དུ༔ ངས་ཀྱང་གནང་བ་ལེགས་པར་སྦྱིན༔ ཅེས་གསུངས་ཤིང་ས་གཞི་ལ་ཐིམ་པར་བསམ༔ དེ་ནས་ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན་དུ་འཕགས་པ་ས་ཡི་སྙིང་པོའི་ཐུགས་ཀ་ནས་གཞོན་ནུ་སེར་པོ་མཚན་དཔེས་སྤྲས་པ་ཞིག་གིས༔ གཡས་ལྕགས་འཇོར་དང་གཡོན་ནོར་བུ་ཐོགས་པ་ཞིག་སྤྲོས་ཏེ་ས་བདག་ལྟོ་ཕྱེ་ནག་པོའི་ལྟོ་བ་རིན་པོ་ཆེའི་གཏེར་མཛོད་ནས༔ རིན་ཆེན་སྣ་ཚོགས་ཀྱི་བྱེ་མ་བརྐོས་པར་བསམ་སྟེ་ས་བླང་བ་ནི༔ ཧཱུྃ༔ ང་ནི་བྱང་ཆུབ་སེམས་དཔའ་སྟེ༔ ས་བདག་རྒྱལ་པོ་ས་ཡི་ལྷ༔ བྱང་ཆུབ་སེམས་དཔའ་ས་སྙིང་སྟེ༔ ས་བདག་ཀུན་གྱི་ས་བཅུད་སྩོལ༔ ཅེས་བརྗོད་དེ་ཅི་དགར་བླང་ནས༔ མཐར་སེམས་དཔའ་ཡང་ས་ལ་ཐིམ་པར་བསམ༔ དེ་ནས་ས་བཟུང་བ་ནི༔ རང་ཉིད་སྐད་ཅིག་གིས་ཁྲོ་བོ་བགེགས་མཐར་བྱེད་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པའི་སྐུར་གྱུར༔ དེ་ནས་རྐང་པ་རྡོ་རྗེའི་འགྲོས་ཀྱིས་ལྟ་སྟངས་བྱ་ཞིང་ངག་ཏུ་ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ བཱི་ན་ཤ་ཀ་ར་མཱ་ར་ཡ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཅེས་སྡིགས་མཛུབ་ཀྱི་རྩེ་ནས་རྡོ་རྗེའི་ཆར་འབབ་པས་ས་གཞིར་གནས་པའི་གདོན་བགེགས་ཐམས་ཅད་ཐིབས་ཀྱིས་བསད་ཅིང་གནས་གཞན་དུ་འཕོ་བར་བསམ༔ དེ་ནས་ས་སྦྱང་བ་ནི༔ ཡང་སྡིགས་མཛུབ་ཀྱི་རྩེ་ནས་འོད་འཕྲོས་པས༔ ས་ལ་ལེགས་པར་མི་འོས་པའི་ཉེས་སྐྱོན་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་ལྟར་སངས་ཀྱིས་དག་ནས༔ རིན་པོ་ཆེ་སྣ་ཚོགས་ཀྱི་ཕུང་པོར་བསམ་ལ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ དེ་ནས་ས་བསྲུང་བ་ལ༔ རང་ཉིད་ལྷའི་ང་རྒྱལ་དང་ལྡན་པའི་ངང་ནས༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿབྷ་ག་ཝ་ཏེ་བྷྱོ་ན་ཤ་ནེ་ཏྲ་ཏི་ཊཱ་ས་ཡ་བྷྲུ་ཀུ་ཏྲི་ཏི་བྷེ་ཏ་ཏི་སྭཱ་ཧཱ༔ ཞེས་བརྗོད་དོ༔ དེ་ནས་ཆུ་བསླང་བ་ནི༔ འབབ་ཆུའི་གཞུང་འགྲམ་དུ་ཕྱིན་ལ་འོ་ཆབ་ཀྱིས་མཆོད་ལ༔ ཧོཿདབྱིངས་ཀྱི་རྗེ་མོའི་སྤྲུལ་པ་ལས༔ མ་ཅིག་མཚོ་སྨན་རྒྱལ་མོ་ཆེ༔ ཁྱེད་ནམ་ཟླ་དུས་བཞིའི་རྒྱལ་མོ་ལགས༔ ནམ་མཁའ་བར་སྣང་ས་གཞི་དང་༔ ཆུ་བོའི་གཞུང་ལ་བཞུགས་ལགས་ཀྱི༔ བདུད་རྩི་སྨན་ཆབ་འདི་བཞེས་ལ༔ གསང་སྔགས་དཀྱིལ་འཁོར་ལ་འོས་པའི༔ གཙང་ཞིང་དྭངས་བསིལ་ནུས་ལྡན་པའི༔ ཆུ་འདི་སྩོལ་ལ་གར་ཕོག་སར༔ གཙང་ཞིང་ནུས་བཅུད་ཕུན་ཚོགས་མཛོད༔ བཾཿཁཾ་སིདྡྷི་ཕ་ལ་ཧོཿདེ་ནས་རྡོ་རྗེ་རྒྱལ་ཐེབས་ཀྱིས་ཀུ་ཤ་ཆབས་སུ་བཤན་པ་ལག་ཏུ་ཐོགས་ཏེ་སྟངས་སྟབས་ཀྱིས་བྲན་བཞིན་པས༔ ཧོཿཀུ་ཤ་འདི་ནི་གཙང་ཞིང་དགེ༔ ཚངས་སོགས་ལྷ་རྣམས་དག་བྱེད་ཡིན༔ གཙང་མ་ཆབ་ཀྱིས་བྲན་པ་ཡིས༔ ཉེས་སྐྱོན་བག་ཆགས་འབགས་རྩོག་ཀུན༔ ཤེལ་སྒོང་རྡུལ་ཕྱིས་ཇི་བཞིན་དུ༔ དག་ཅིང་གཙང་བར་མཛད་དུ་གསོལ༔ ཨེ་བཾ་ལཾ་རཾ་ཡཾ་ཤུདྡྷེ་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཡེ་ཤེས་ལྔ་ཡི་འོད་དང་ལྡན་པར་བསམ༔ ༈དེ་ནས་རྒྱལ་ཐོ་བཙུག་པ་ལ༔ ཐོ་བཞིའི་འཛུག་ཆོག་དག་སྣང་ཡེ་ཤེས་དྲྭ་བའི་སྐོར་ལས་སྒྲུབ་པའི་དམ་རྒྱ་སྒོ་དྲུག་བསྲུང་བའི་ཆོ་ག་འོག་ཏུ་ལོགས་སུ་བཞུགས་པ་ཉིད་འདིར་བླངས་ཏེ་བྱ་བའམ།ཡང་ན་ཟབ་གསང་མཁའ་འགྲོའི་སྙིང་ཐིག་སྐོར་ལས་སྒྲུབ་པ་ཀུན་གྱི་ཆ་ལག་ཐོ་མཚམས་གཅོད་པ་གོང་གི་པོད་པ་པར་བཞུགས་པ་ཉིད་བླངས་ཏེ་བྱ་དགོས་སམ་སྙམ་མཆན།༈དེ་ནས་བར་མཚམས་གཅོད་ཕྱིར་དམ་སྲི་མནན་པ་ལ༔ དུག་ཤོག་ཁ་གང་བ་ལ༔ དུག་ཁྲག་སྣ་ཚོགས་བསྲེས་པའི་ཁྲག་གམ་སྣག་ཚས་དམ་སྲི་མོ་བྱའིི་མཆུ་སྡེར་ཅན་རྐང་ལག་ཕྲ་ཞིང་རིང་བ་ལྕགས་སྒྲོག་གིས་བསྡམས་ནས་གནམ་ལྕགས་ཀྱི་གཟེར་གྱིས་བཏབ་པ༔ སྙིང་གར་ཏྲིཿལ་དུག་གསུམ་གྱི་མཚན་ཉིད་ཚང་བ༔ ཕྱོགས་བཞིར་གཟེར་གྱིས་གདབ་པ༔ དེ་མཐར་སརྦ་ནྲྀཿཏྲི་ནི་ཧཱུྃ་ཛཿཀ་ཏྲི་ནི་ཛཿཤ་ཏྲི་ནི་ཛཿདུ་ཏྲི་ནི་ཛཿརཀྴ་ཛཿཡཀྴ་ཛ༔ བསྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་སྒབ་འདྲེ་དམ་སྲི་དུས་དྲུག་གི་ཉུལ་ལེ་དངོས་གྲུབ་རྐུ་ཞིང་འཕྲོག་པའི་གནོད་བྱེད་ཐམས་ཅད་ཁུག་ཅིག༔ ནྲྀཿཏྲིཿཀ་ཏྲིཿཤ་ཏྲིཿདུ་ཏྲིཿཏྲི་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿཞེས་བྲིས༔ མཐའ་བསྐོར་དུ་དྲག་སྔགས་སོ་ལྔས་བསྐོར་ཏེ་ལིངྒ་ལ་རྗེན་ཤའམ་གློ་བས་ཕྱིས་ཏེ༔ རང་གི་ཁ་རླངས་དང་དྲི་མས་ཕོག་པ་ཐམས་ཅད་དག་པར་བསམ༔ དེ་ལྟར་བྱས་ཏེ་ཚོན་སྐུད་སྣ་ལྔས་བསྡམ་ལ་ཐོད་ངན་ནང་དུ་བཅུག་སྟེ་རེ་བས་ཁ་བཅད་དོ༔ དེ་ནས་ས་ལ་བྲུབ་ཁུང་ཁ་ཁྱེར་མཐོ་གང་དཔང་དུ་ཁྲུ་གང་སོར་དགུ་ཟབ་པ་བྲུས་པའི་ནང་དུ་འཕང་སྟེ༔ ༈དེ་ནས་གསེར་སྐྱེམས་བཤམས་ལ༔ རང་ཉིད་ཡི་དམ་ལྷའི་ང་རྒྱལ་དང་ལྡན་པའི་ངང་ནས༔ མདུན་དུ་ཨེ་ལས་བྲུབ་ཁུང་དམར་ནག་ནི༔ འཆི་བདག་ནག་པོའི་ཁ་ཡི་ཐད་དུ་བསྣོལ༔ འདོད་ཆགས་ཁྲག་མཚོ་ཞེ་སྡང་མེ་དཔུང་འབར༔ ང་རྒྱལ་བྲག་རྙིལ་ཕྲག་དོག་རླུང་དམར་གཡོ༔ གཏི་མུག་མུན་འཐིབ་ནད་མཚོན་དུག་རླངས་འཕྱོ༔ ཁ་དོག་གཏིང་ཟབ་ཐར་འཆོལ་མེད་པའི་ནང་༔ ཏྲིཿལས་དམ་སྲི་ནག་མོ་བྱ་གདོང་མ༔ མདོག་ནག་ཧམ་ཞིང་རིད་ཅིང་ཉམ་ཐག་གཟུགས༔ རྐང་ལག་ལྕགས་སྒྲོག་གིས་བསྡམ་གན་རྐྱལ་གནས༔ ལུས་ནང་དམ་སྲི་ཉུལ་ལེ་ཐམས་ཅད་ཀུན༔ བེལ་ཁོག་སྲིན་གྱིས་གང་བ་བཞིན་དུ་གནས༔ བདག་ཉིད་ཡི་དམ་ལྷ་ཡི་གནས་རྣམས་ལས༔ སྤྲུལ་པའི་ཕོ་ཉ་མཚོན་ཐོགས་དཔག་མེད་འཕྲོས༔ ཕྱོགས་མཚམས་སྟེང་འོག་བར་གསུམ་ཐམས་ཅད་ནས༔ སྔོན་ལས་འཕྲལ་རྐྱེན་ལས་གྱུར་དགྲ་གདོན་བགེགས༔ རང་དབང་མེད་པར་བྱ་སྤུ་རླུང་བསྐྱོད་ལྟར༔ བཀུག་ནས་གཟུགས་མིང་སྲོག་ཡིག་རྣམས་ལ་བསྟིམ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་སྐུ་གསུམ་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་ཀྱི་བཀའ་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་ཀ་ནས་དག་པ་དང་༔ ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པ་རྟེན་འབྲེལ་ཟབ་མོའི་བདེན་པས༔ ཆོས་བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པ༔ ཉམས་ཏིང་ངེ་འཛིན་ལ་བར་དུ་གཅོད་པར་བྱེད་པ༔ ཚེ་སྲོག་བསོད་ནམས་ལ་བར་དུ་གཅོད་པར་བྱེད་པ༔ གསང་སྔགས་སྒྲུབ་པ་ཟབ་མོ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་གདོན་བགེགས་ཚོགས་དམ་སྲི་སྒབ་འདྲེ་ཉུལ་ལེ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་རཱུ་པ་འདི་ལ་ཁུག་ཅིག༔ ཐིམ་པར་གྱུར་ཅིག༔ ནྲྀཿཏྲི་ཨ་ཀཪྵ་ཡ་ཛཿཧཱུྃ་བཾ་ཧོཿཅི་མང་བརྗོད་མཐར༔ འགུགས་པ་ནི༔ ཛཿཛཿལས་འགུགས་བྱེད་སོགས་ནས་ས་མ་ཡ༔ བར་རོ༔ བསྒྲལ་བ་ལ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ ལྷུན་གྲུབ་རོལ་པའི་ཡེ་ཤེས་ལྷ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་ཐུགས་དམ་དུས་ལ་བབ༔ སྣ་ཚོགས་སྤྲུལ་པའི་རོལ་གར་གྱིས༔ མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ ཞིང་བཅུ་ཉམས་པ་བདུན་ལྡན་གྱི༔ མི་སྲུན་གདུག་པའི་དགྲ་བགེགས་ལ༔ དུག་མཚོན་ཐུན་གྱི་ཆར་ཕོབ་ལ༔ མཐུ་དང་ནུས་པ་མེད་པར་གྱིས༔ དྲན་པའི་དབང་པོ་མྱོས་སུ་ཆུག༔ ཉོན་མོངས་འཁྲུལ་འཁོར་དབྱིངས་སུ་བཤིག༔ འཁྲུལ་མི་ཤེས་པའི་དབྱིངས་སུ་སོད༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་ཀྲོ་ཏ་ས་མ་ཡ༔ ནྲྀཿཏྲིཿསརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད་སོད་སོད་ཕཊ༔ བསྒྲལ་ཞིང་མནན་པ་བྱ་བ་ལ༔ ཛཿདམ་སྲི་བྱ་བའི་སྡིག་ཅན་ཁྱོད༔ འཆི་བདག་གཤིན་རྗེའི་ཁ་རུ་བསྟབས༔ མི་སྟག་ནག་པོའི་ཕྱག་རྒྱ་དང་༔ ཀླ་ཀློ་གདུག་པའི་ཕྱག་རྒྱ་དང་༔ བོན་དང་བན་གཏོའི་ཕྱག་རྒྱས་མནན༔ དེ་དག་མཐའ་ནས་མ་སྟོང་བར༔ མནན་པ་ཡིན་གྱི་མ་ཤོར་རྒྱ༔ རླུང་རི་ནག་པོའི་འོག་ཏུ་མནན༔ མེ་དང་ཆུ་ཡི་འོག་ཏུ་མནན༔ རི་རབ་ཆེན་པོའི་འོག་ཏུ་མནན༔ དེ་སྟེང་ཁྲོ་བོ་སྟོབས་པོ་ཆེ༔ མ་ཧཱ་བྷ་ལའི་ཕོ་བྲང་བཏབ༔ བྱང་ཆུབ་བར་དུ་མ་ལྡང་ཞིག༔ སརྦ་ནྲྀ་ཏྲི་ནན༔ ཀ་ཏྲི་ནན༔ ཤ་ཏྲི་ནན༔ སྟྭཾ་བྷ་ཡ་ནན༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སུཾ་ལཾ༔ མཱ་ར་ཡ་ནན༔ ཅེས་བརྗོད་མཐར་སྒྲུབ་པ་གང་ཡིན་གྱི་རང་གཞུང་གི་རྟ་བྲོ་བརྡུང་ངོ་༔ ༈དེ་ནས་སྒོ་བྱང་ཕྱི་མ་ལ༔ རང་ཉིད་ཧེ་རུ་ཀ་ཡི་ཐུགས་ཀ་ནས་འོད་འཕྲོས་པས་ཕྱོགས་བཅུའི་བདེ་གཤེགས་སྲས་དང་བཅས་པ་ཐམས་ཅད་ཁྲོ་ཆེན་གཤིན་རྗེ་གཤེད་ཀྱི་སྐུར་བཞེངས་ཏེ་སྐུ་གཟུགས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་ཏེ་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུར་བཞེངས་པར་གྱུར༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ས་མ་ཡ་ཛ་ཛཿཨརྒྷཾ་སོགས་ཀྱིས་མཆོད་ཅིང་བསྟོད་པ་ནི༔ ཧཱུྃ༔ ཁྲོ་བོ་ཆེན་པོ་དྲག་ཤུལ་ཅན༔ སྟོབས་ཆེན་ཕ་རོལ་གནོན་པ་པོ༔ འཇིགས་བྱེད་ཆེན་པོས་བགེགས་དཔུང་འཇིགས༔ འཁོར་འདས་སྤྱི་དཔལ་ཁྱོད་ལ་བསྟོད༔ དེ་ནས་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་ཡིས༔ འདོད་ཡོན་གཏོར་མ་འདི་བཞེས་ལ༔ བསྒྲུབ་པའི་བར་ཆད་རྐྱེན་བཟློག་ཅིང་༔ ཡོངས་ལ་རྣམ་སྨིན་ཆོས་བཤད་ཅིང་༔ སྒོ་འདི་སྲུང་ལ་དངོས་གྲུབ་བསྒྲུབ༔ རྣལ་འབྱོར་འདོད་དོན་ཡོངས་གྲུབ་མཛོད༔ ས་མ་ཡ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ ༈སྒོ་བྱང་ནང་མ་ལ།རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཁྲོ་ཆེན་བདུད་རྩི་འཁྱིལ་བའི་སྐུར་བཞེངས་ཏེ་སྐུ་གཟུགས་ལ་ཐིམ་པས་འཁོར་འདས་ཡོངས་ཀྱི་དཔལ་ཆེན་པོར་བཞེངས་པར་གྱུར༔ ཨོཾ་བཛྲ་ཙཎྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿཨརྒྷཾ་སོགས་ཀྱིས་མཆོད་ཅིང་༔ བསྟོད་པ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ བདུད་ཀྱི་བདུད་དགྲ་བགེགས་ཀྱི་གཤེད༔ མཐུ་སྟོབས་ནུས་པ་དཔག་ཏུ་མེད༔ བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད༔ དེ་ནས་ཕྲིན་ལས་བཅོལ་བ་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་ཆེ་བའི་མཆོག༔ ཁྲོ་ཆེན་བདུད་རྩི་འཁྱིལ་བ་ཡིས༔ འདོད་ཡོན་གཏོར་མ་འདི་བཞེས་ལ༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ དམ་རྫས་བདུད་རྩིར་བསྒྱུར་བ་དང་༔ སྒྲུབ་ལ་བར་ཆད་མེད་པར་མཛོད༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱིི་ཧ་ན་ཧ་ན་ཧཱུྃ་ཕཊ༔ སརྦ་ས་མ་ཡ་རཀྵ་རཀྵ་ཀུ་རུ་ཧོཿ༈དེ་ནས་མ་ཏྲཾ་བསྒྲལ་བ་ལ༔ མདུན་དུ་མ་ཏྲཾ་གྱི་གཟུགས་བྱས་ལ༔ རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་བདག་འཛིན་གཉིས་སྣང་གི་རཱུ་ཏྲ་ཐམས་ཅད་བསྡུས་ཏེ་གཟུགས་ལ་ཐིམ་པར་གྱུར༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་སྐུ་གསུམ་སྲུང་མ་དང་བཅས་པའི་བཀའ་བདེན་པས་བདག་འཛིན་གཉིས་སྣང་གི་རཱུ་ཏྲ་ཐམས་ཅད་བམ་གཟུགས་འདི་ལ་ཁུག་ཅིག་ཛཿཛཿཧཱུྃ་བཾ་ཧོཿཅི་མང་བརྗོད་མཐར༔ ཧཱུྃ༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལྷ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཕྲིན་ལས་མངོན་སྤྱོད་དུས་ལ་བབ༔ མ་ཏྲཾ་རཱུ་ཏྲ་སྡིག་ཅན་འདི༔ ཡེ་ཤེས་མཚོན་ཆ་འབར་བས་སོད༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཏྲཾ་རཱུ་ཏྲ་ཏ་ཐ་ཡ་ཏ་ཐ་ཡ་ཕྱེ་མ་ཕྱེ་མ་ཐུལ་ཐུལ་རྦད་རྦད་སོད༔ ཅེས་རྩེ་གསུམ་གྱི་ཕྱག་རྒྱས་སྙིང་གར་གདབ་པས་དབྱིངས་སུ་སད་པར་བསྒོམ༔ སྙིང་ཤར་དུ་བཞག་ལ༔ ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་གྱི༔ སྙིང་ཕྱུང་ཤར་ཕྱོགས་བསིལ་བ་ཚལ༔ ལག་གཡས་ལྷོ་ཕྱོགས་སྐུ་ལ་རྫོགས༔ མཚན་མ་ནུབ་ཕྱོགས་པདྨ་བརྩེགས༔ རྐང་གཡོན་བྱང་ཕྱོགས་ལང་ཀ་བརྩེགས༔ ནང་ཁྲོལ་ཤར་ལྷོ་ལྷུན་གྲུབ་བརྩེགས༔ མགོ་བོ་ལྷོ་ནུབ་གསང་ཆེན་རོལ༔ ལག་གཡོན་ནུབ་བྱང་ཧེ་ཆེན་བརྡལ༔ རྐང་གཡས་བྱང་ཤར་འཇིག་རྟེན་བརྩེགས༔ རཱུ་ཏྲའི་མགོ་བོ་ཡན་ལག་དང་༔ དོན་སྙིང་ནང་རོལ་ལས་གྲུབ་པའི༔ དུར་ཁྲོད་ཆེན་པོ་བརྒྱད་རྣམས་ཀྱི༔ བཀོད་པ་ཡོངས་སུ་རྫོགས་པར་གྱུར༔ ཕུང་པོ་གྲུ་བཞི་གཞལ་ཡས་ཁང་༔ ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ལྷའི༔ ཞིང་དང་གཞལ་ཡས་རྒྱན་བཀོད་པ༔ ཚད་དང་མཚན་ཉིད་རྫོགས་པར་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ བྷྲུྃ་བྷྲུྃ་བྷྲུྃ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ༈དེ་ནས་ཕུར་པ་གདབ་པ་ལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགས༔ སྣང་སྲིད་ཐམས་ཅད་སྟོང་པ་ཉིད་དུ་ཞིག༔ སྟོང་པའི་ངང་ལས་དུར་ཁྲོད་མེ་རི་འབར་བའི་དཀྱིལ་འཁོར་དུ་པདྨ་དང་ཉི་མ་ཕྱོགས་སྐྱོང་ཕོ་མོ་བསྣོལ་བའི་གདན་ལ་རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ཧཱུྃ་ཡིག་བཅུ་སྤྲོས་པ་དེ་ཡོངས་སུ་གྱུར་པ་ལས༔ ཡེ་ཤེས་ཁྲོ་བོ་ཆེན་པོ་བཅུ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ འཇིགས་པའི་མཚོན་ཆ་སྣ་ཚོགས་བསྣམས༔ སྐུ་སྨད་དབལ་ཕུར་ཟུར་གསུམ་གྱིས༔ ཕྱོགས་སྐྱོང་ཕོ་མོའི་སྙིང་གར་གཟིར༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དབྱིངས་ནས་ཡེ་ཤེས་པ༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ ཨོཾ་སརྦ་མ་ཧཱ་ཀྲོ་ཏ་ས་མ་ཡ་ཛ་ཛཿཨ་བེ་ཤ་ཡ་སྟྭཾ༔ ཞེས་ལན་གསུམ་གྱིས་བསྟིམ༔ དེ་ནས་ཕྱོགས་སུ་གདབ་པ་ལ༔ ཧཱུྃ༔ ཁྲོ་རྒྱལ་ཧཱུྃ་ཆེན་ཀཱ་ར་ཡིས༔ སྟེང་གི་དགྲ་གདོན་བགེགས་ཀྱི་ཚོགས༔ བསྐྲད་གཟིར་མནན་པའི་ལས་མཛོད་ལ༔ བསྒྲུབ་པའི་དཀྱིལ་འཁོར་གཉན་པོ་སྲུངས༔ ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ༔ སྟེང་ཕྱོགས་ཀྱི་དགྲ་གདོན་བགེགས་ཚོགས་ཐམས་ཅད་གརྫ་གརྫ་ཧཱུྃ་ཕཊ༔ ཤར་དུ༔ ཧཱུྃ༔ ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ༔ ཤར་ཕྱོགས་དགྲ་གདོན་བགེགས་ཀྱི་ཚོགས༔ བསྐྲད་གཟིར་མནན་པའི་ལས་མཛོད་ལ༔ བསྒྲུབ་པའི་དཀྱིལ་འཁོར་གཉན་པོ་སྲུངས༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ༔ ཤར་ཕྱོགས་ཀྱི་དགྲ་གདོན་བགེགས་ཚོགས་ཐམས་ཅད་ཧ་ན་ཧ་ན་ཧཱུྃ་ཕཊ༔ ལྷོ་རུ༔ ཧཱུྃ༔ ཁྲོ་ཆེན་གཤིན་རྗེ་གཤེད་པོ་ཡིས༔ ལྷོ་ཕྱོགས་དགྲ་གདོན༴བསྐྲད་གཟིར་མནན་པའི༴བསྒྲུབ་པའི་དཀྱིལ་འཁོར་གཉན་པོ་སྲུངས༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ༔ ལྷོ་ཕྱོགས་ཀྱི་དགྲ་གདོན་བགེགས་ཚོགས་ཐམས་ཅད་པ་ཙ་པ་ཙ་ཧཱུྃ་ཕཊ༔ ནུབ་ཕྱོགས་སུ༔ ཧཱུྃ༔ ཁྲོ་ཆེན་རྟ་མགྲིན་རྒྱལ་པོ་ཡིས༔ ནུབ་ཕྱོགས་དགྲ་གདོན༴བསྐྲད་གཟིར་མནན་པའི༴བསྒྲུབ་པའི་དཀྱིལ་འཁོར་གཉན་པོ་སྲུངས༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧཱུྃ༔ ནུབ་ཕྱོགས་ཀྱི་དགྲ་གདོན་བགེགས་ཚོགས་ཐམས་ཅད་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བྱང་ཕྱོགས་སུ༔ ཧཱུྃ༔ ཁྲོ་ཆེན་བདུད་རྩི་འཁྱིལ་བ་ཡིས༔ བྱང་ཕྱོགས་དགྲ་གདོན༴བསྐྲད་གཟིར་མནན་པའི༴བསྒྲུབ་པའི་དཀྱིལ་འཁོར་གཉན་པོ་སྲུངས༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ བྱང་ཕྱོགས་ཀྱི་དགྲ་གདོན་བགེགས་ཚོགས་ཐམས་ཅད་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཤར་ལྷོ་མཚམས་སུ༔ ཧཱུྃ༔ ཁྲོ་ཆེན་དབྱུག་པ་སྔོན་པོ་ཡིས༔ ཤར་ལྷོའི་མཚམས་ཀྱི་དགྲ་གདོན་བགེགས༔ བསྐྲད་གཟིར་མནན་པའི༴བསྒྲུབ་པའི་དཀྱིལ་འཁོར་གཉན་པོ་སྲུངས༔ ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུྃ༔ ཤར་ལྷོའི་མཚམས་ཀྱི་དགྲ་གདོན་བགེགས་ཚོགས་ཐམས་ཅད་ད་ཧ་ད་ཧ་ཧཱུྃ་ཕཊ༔ ལྷོ་ནུབ་མཚམས་སུ༔ ཧཱུྃ༔ ཁྲོ་ཆེན་མི་གཡོ་མགོན་པོ་ཡིས༔ ལྷོ་ནུབ་མཚམས་ཀྱི་དགྲ༴བསྐྲད་གཟིར་མནན་པའི༴བསྒྲུབ་པའི་དཀྱིལ་འཁོར་གཉན་པོ་སྲུངས༔ ཨོཾ་བཛྲ་ཀྲོ་ཏ་ཨཱཪྻ་ཨ་ཙ་ལ་ཧཱུྃ༔ ལྷོ་ནུབ་མཚམས་ཀྱི་དགྲ་གདོན་བགེགས་ཚོགས་ཐམས་ཅད་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ནུབ་བྱང་མཚམས་སུ༔ ཧཱུྃ༔ ཁྲོ་ཆེན་འདོད་པའི་རྒྱལ་པོ་ཡིས༔ ནུབ་བྱང་མཚམས་ཀྱི་དགྲ༴བསྐྲད་གཟིར་མནན་པའི༴བསྒྲུབ་པའི་དཀྱིལ་འཁོར་གཉན་པོ་སྲུངས༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ནུབ་བྱང་མཚམས་ཀྱི་དགྲ་གདོན་བགེགས་ཚོགས་ཐམས་ཅད་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ བྱང་ཤར་མཚམས་སུ༔ ཧཱུྃ༔ ཁྲོ་ཆེན་ཁམས་གསུམ་རྣམ་རྒྱལ་གྱིས༔ བྱང་ཤར་མཚམས་ཀྱི་དགྲ༴བསྐྲད་གཟིར་མནན་པའི༴བསྒྲུབ་པའི་དཀྱིལ་འཁོར་གཉན་པོ་སྲུངས༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྱང་ཤར་མཚམས་ཀྱི་དགྲ་གདོན་བགེགས་ཚོགས་ཐམས་ཅད་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ འོག་ཕྱོགས་ལ༔ ཧཱུྃ༔ ཁྲོ་བོ་ཆེན་པོ་སྟོབས་པོ་ཆེས༔ འོག་གི་དགྲ་གདོན་བགེགས་ཀྱི་ཚོགས༔ བསྐྲད་གཟིར་མནན་པའི་ལས་མཛོད་ལ༔ བསྒྲུབ་པའི་དཀྱིལ་འཁོར་གཉན་པོ་སྲུངས༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བྷ་ལ་ཧཱུྃ༔ འོག་ཕྱོགས་ཀྱི་དགྲ་གདོན་བགེགས་ཚོགས་ཐམས་ཅད་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཅེས་ཕྱོགས་མཚམས་འཁོར་ཡུག་ཐམས་ཅད་ཁྲོ་བོ་མཚོན་ཆ་ཐོགས་པས་གོ་མཚམས་མེད་པར་ཞལ་ཕྱིར་འགྱུ་ནས་བསྲུང་བཟློག་གི་ལས་བྱེད་པར་བསམ་མོ།།གོང་གི་དམ་སྲི་མནན་པ་ནས༔ ཁྲོ་བཅུ་ཕུར་གདབ་འདི་བར་སྔར་གྱི་མ་ཕྱིར་ལེ་ཚན་སོ་སོར་འདུག་ཀྱང་སྐྱབས་མཆོག་བདུད་འཇོམས་འགྲོ་འདུལ་གླིང་པའི་གསན་ཡིག་ཏུ་སྒྲུབ་ཁོག་འདི་ནང་བཙུགས་རྒྱུར་མཆན་བུ་མཛད་འདུག་པ་བཞིན་འདིར་བཅུག་པ་ཡིན།མཆན།༈དེ་ནས་ཆག་ཆག་གདབ་པ་ལ༔ སྨན་དང་བ་བྱུང་ལྔ་བཅས་ཡུམ་ཆེན་ལྔའི་བྱིན་རླབས་དཀར་སེར་དམར་ལྗང་མཐིང་ག་ལྔའི་རྣམ་པ་ཅན་ཐིམ་པར་བསམ་ལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ནས་ཤཔྡའི་བར་གྱིས་མཆོད༔ ཡང་ཆག་ཆག་གདབ་པའི་སྣོད་དུ་བཅུད་བསྒྲུབ་རྫས་ཐམས་ཅད་ཞིང་ཁམས་ཀྱི་བཀོད་པ་ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན་དུ་བསྒོམ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཌཱ་ཀི་ནཱི་ཨེ་ཨ་རལླི་ཕེཾ་སྟྭཾ༔ ཞེས་བརྗོད༔ ཡུམ་ཆེན་ལྔའི་བྱིན་གྱིས་བརླབས་པར་བསམ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཡེ་ཤེས་བདུད་རྩིའི་འོད་ཟེར་འབར་བར་བསྒོམ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཉོན་མོངས་སྲེག་བྱེད་ཡེ་ཤེས་ཀྱི་མེ་དཔུང་འབར་བར་བསྒོམ༔ སརྦ་པཉྩ་ཛྙཱ་ན་ཨ་མྲྀ་ཏ་ཧཱུྃ་ཧྲིཿཋ༔ ས་གཞི་ཐམས་ཅད་བདུད་རྩིའི་ངོ་བོར་གནས་པ་ལ་རྣམ་པ་རིན་པོ་ཆེའི་ས་གཞི་འོད་དང་འོད་ཟེར་འབར་བའི་རང་བཞིན་ཅན་དུ་གྱུར་པར་བསམ་ལ༔ སརྦ་རཏྣ་ཡེ་སྭཱ་ཧཱ༔ ༈དེ་ནས་སྟ་གོན་བྱ་བ་ལ༔ མདུན་དུ་སྟེགས་བུའི་སྟེང་དུ་དྲི་བཟང་གི་ཆུས་ཐིག་ལེ་ལྷ་གྲངས་བཀོད་པའི་སྟེང་དུ་དྲི་བཟང་གིས་སྦགས་པའི་འབྲུ་ཚོམ་བཀོད་དེ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་པདྨ་ཀ་མཱ་ལ་ཡེ་སྟྭཾ༔ ༈དེ་ནས་བུམ་པ་སྟ་གོན་ལ༔ རྣམ་རྒྱལ་བུམ་པ་ལ༔ བུམ་རྫས་ཉེར་ལྔ་དང་དྲི་བཟང་གི་ཆུས་སུམ་གཉིས་བཀང་བ༔ འབྲུའི་ཚོམ་བུ་ལྔའི་དབུས་སུ་བཞག་སྟེ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ༴བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཕྱི་རིན་པོ་ཆེ་བུམ་པའི་དབྱིབས་ལ༔ ནང་གཞལ་ཡས་ཁང་༔ གསང་བ་ཡེ་ཤེས་ལྔའི་ངོ་བོ་རུ་བསྒོམ་ལ༔ བུམ་ཆུ་བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་དབུས་སུ་པདྨའི་སྡོང་པོ་ཡན་ལག་རག་པའི་སྟེང་དུ༔ ཆོ་ག་རང་གཞུང་གི་ལྷ་བསྐྱེད་ལ་འཇུག་གོ༔ ༈དེ་ནས་ལས་ཀྱི་བུམ་པ་བཟང་དྲུག་བཏབ་པའི་ཆུས་བཀང་སྟེ༔ ཨོཾ་སྭ་བྷཱ་ཝ༴ལས་ཀྱི་བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཨིནྡྲ་ནི་ལ་ལས་གྲུབ་པའི༔ གཞལ་ཡས་དབུས་སུ་དག་བྱེད་ཀྱི༔ བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་ཀློང་༔ པདྨ་ཉི་མའི་གདན་སྟེང་དུ༔ ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ༔ རབ་འཇིགས་རྔམས་བརྗིད་བལྟར་མི་བཟོད༔ ཕྱག་གཡས་རྒྱ་གྲམ་གཡོན་དྲིལ་བུ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ ཡེ་ཤེས་མེ་དཔུང་འབར་ཀློང་འགྱིང་༔ སྐུ་ལས་དག་བྱེད་བདུད་རྩིའི་རྒྱུན༔ བབ་པས་བུམ་པ་གང་བར་དམིགས༔ ཨོཾ་ཨ་མྲྀ་ཏ་ཨུཏྟ་ཀ་ཧཱུྃ་ཕཊ༔ ཅི་ནུས་བཟླས་མཐར་བུམ་པའི་ཆུ་ལ་ཐིམ་པར་བསམ༔ ༈དེ་ནས་སློབ་མ་སྟ་གོན་ལ༔ ཡོལ་བ་བཀྲམ་པའི་ཕྱི་ནས་བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་ལྷ་དངོས་སུ་གསལ་བ་ལ་འཇུག་ཆོག་གི་གནང་བ་ཞུ༔ སློབ་དཔོན་གྱིས་གནང་བ་སྦྱིན་མཐར༔ ནང་དུ་གཞུག་པ་ལ༔ སློབ་དཔོན་གྱིས་སྒྲུབ་པའི་ཆོ་ག་ལ་དགོས་པའི་ཞལ་བཀོད་གནང་བ་ལྟར༔ སློབ་མས་ཀྱང་ཚུལ་བཞིན་དུ་སྤྱོད་དགོས་པས་རྣམ་པར་གྲོལ་བའི་ལམ་ལ་བསླབ་པའི་བཀའ་ཁྲིམས་ལྟར་ངེས་པར་བྱའོ༔ ༈དེ་ནས་ཐིག་སྟ་གོན་ནི་ཚོན་སྣ་ལྔ་ཡི་སྲད་བུ་བྱིན་གྱིས་བརླབ་པ་ལ༔ ཧཱུྃ༔ རང་ཉིད་སྐད་ཅིག་གིས་སྤྱི་དཔལ་ཧེ་རུ་ཀ་མཐིང་དཀར་དམར་བའི་ཞལ་ཅན་གཡས་རྡོ་རྗེ་གསུམ་དང་༔ གཡོན་ཐོད་པ་ཚར་གསུམ་བསྣམས་པ༔ ཡེ་ཤེས་ཀྱི་མེ་དཔུང་འབར་ཞིང་དུར་ཁྲོད་ཀྱི་ཆས་རྫོགས་པར་གྱུར༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཅེས་བརྗོད་པས་སྐུ་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འོད་ཕུང་གི་རྣམ་པར་ཐིག་སྐུད་ལ་ཐིམ་པར་གྱུར༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ཀརྨ་ཨ་བེ་ཤ་ཡ་ཕེཾ་ཕེཾ་ཛཿསྟྭཾ༔ ཞེས་ཡེ་ཤེས་ལྔའི་འོད་དང་བྱིན་རླབས་འབར་བར་བསྒོམ༔ ཧཱུྃ༔ སྐུ་གསུམ་རྒྱལ་བ་སྲས་བཅས་ཀྱི༔ འཁོར་འདས་བྱང་ཆུབ་སེམས་མཆོག་གི༔ འུབ་ཆུབ་རོལ་པའི་ཡེ་ཤེས་ཀྱི༔ ཐིག་མཆོག་བདག་ལ་དབང་བར་སྩོལ༔ ཧཱུྃ་ཛྙཱ་ན་ཏཱ་ཏ་པུར་པ་ཏ་ཧཱུྃ་ཛཿཐིག་སྐུད་ཡེ་ཤེས་ཀྱི་འོད་ཟེར་དཀར་བྲེང་ངེ་བྱུང་བར་བསམ་ལ༔ མཐེ་བོང་དང་གུང་མོ་འོག་ཏུ་ཕྱོགས་པས་ཐིག་སྐུད་བཟུང་ཞིང་གཅུས་ཏེ་ནམ་མཁའ་ལ་གྱེན་དུ་སེ་གོལ་གྱིས་གདབ་སྟེ་སྟེང་གི་ནམ་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པར་བསམ༔ ཀུན་ལ་གཡས་བསྐོར་དང་ཁྱད་པར་ཚངས་ལོགས་རྒྱབ་འགྲོས་སུ་བཏབ་པར་བྱའོ༔ བར་ཐིག་ནི༔ སྔར་བཞིན་པར་འཛིན་ཏེ༔ ཧཱུྃ༔ ཕྱོགས་བཅུའི་དུས་གསུམ་སངས་རྒྱས་རྣམས༔ ལྷུན་གྲུབ་ཡེ་ཤེས་ལྔ་ཡི་དངོས༔ དཀྱིལ་འཁོར་རོལ་པར་བྱིན་གྱིས་རློབས༔ དབྱེར་མེད་ཆེན་པོར་བཞུགས་སོ་འཚལ༔ བྷྲུྃཿཛྙཱ་ན་པཉྩ་ཙཀྲ་མཎྜ་ལ་ཧཱུྃ་ཧྲཱིཿཏིཥྛ་བཛྲ༔ ལྡིང་ཁྲི་བར་མ་ལྷུན་གྲུབ་ལོངས་སྐུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསམ༔ ལས་ཐིག་ལ༔ སྟེགས་བུའི་སྟེང་དུ་འཕགས་པར་སློབ་དཔོན་གྱི་ཕྱག་གཡས་རྡོ་རྗེ་དང་བཅས་ཐིག་སྐུད་འཛིན་ལ༔ ཡུམ་གྱིས་དྲིལ་བུ་བཅས་གཉིས་ཀ་ལྷར་གསལ་ཏེ་ཐིག་སྐུད་དཀར་དམར་ཐབས་ཤེས་ཀྱི་རོལ་པར་བྱིན་གྱིས་བརླབས་པར་བསམ་ལ་གསང་བར་འཛིན་ཏེ༔ ཧཱུྃ་ཧཱུྃ༔ སྤྱི་དཔལ་ཡབ་ཡུམ་སྦྱོར་བ་ལས༔ བྱང་ཆུབ་སེམས་ལས་བྱུང་བའི་ཐིག༔ གསང་ཆེན་རོལ་པའི་དཀྱིལ་འཁོར་མཆོག༔ བཀོད་པ་གཞལ་ཡས་ཁང་དུ་གྱུར༔ བྷྲུྃཿབི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃ༔ དེ་ནས་རྡོར་དྲིལ་བཞག་སྟེ་ཡས་ཐིག་བཞིན་དུ་ཕྱོགས་གོ་མ་ལོག་པར་སྤྱི་ལྟར་གདབ་སྟེ་བྲི་བ་ལ༔ སྒོ་གྲུ་རྟ་བབ་ཡོངས་རྫོགས་གཞི་མའི་ལྷ་གནས་སུ་མུ་ཁྱུད་རིམ་པ་དྲུག་ཏུ་བསྐོར་བའི༔ དང་པོ་ལ་འདབ་མ་བཞི༔ དེ་རྒྱབ་བརྒྱད༔ དེ་རྒྱབ་བཅུ་དྲུག༔ དེ་རྒྱབ་དྲུག༔ དེ་ཕྱིར་ཉིས་བརྒྱ༔ དེའི་ཕྱིར་སུམ་བརྒྱ༔ དེའི་ཕྱིར་ལྔ་བརྒྱ་རྣམས་ལེགས་པར་བྲིས༔ ༈དེ་ནས་ཚོན་སྟ་གོན་ལ༔ བྱིན་རླབས་དང་༔ བླུགས་པ་གཉིས་ལས༔ དང་པོ་ཚོན་བཞི་པོ་ཆོས་དབྱིངས་ཡེ་ཤེས་ནས་རིམ་པ་བཞིན་དུ༔ དབུས་མཐིང་ནག་ཤར་དཀར་པོ་ལྷོ་སེར་པོ་ནུབ་དམར་པོ་བྱང་ལྗང་གུ་རྣམས་བཀོད་དེ༔ དེ་དག་ལ་རང་རང་གི་ས་བོན་བྲིས༔ མཆོད་རྫས་རྣམ་ལྔ་བཤམས་ཏེ༔ བྷྲུྃཿབྷྲུྃཿལས་རིན་ཆེན་སྣོད་ཡངས་པར༔ དཀར་པོ་ཨོཾ་ལས་རྣམ་སྣང་མཛད༔ མཐིང་ག་ཧཱུྃ་ལས་མི་བསྐྱོད་པ༔ སེར་པོ་ཏྲཱཾཿལས་རིན་འབྱུང་གནས༔ དམར་པོ་ཧྲཱིཿལས་སྣང་མཐའ་ཡས༔ ལྗང་གུ་ཨཱཿལས་དོན་ཡོད་གྲུབ༔ དེ་དག་ལས་ནི་འོད་འཕྲོས་པས༔ རང་བཞིན་གནས་ནས་ཡེ་ཤེས་པ༔ སོ་སོའི་གནས་ནས་སྤྱན་དྲངས་བསྟིམས༔ མཆོད་སྤྲིན་ནམ་མཁའ་མཛོད་དུ་འབུལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ཀྱི་ཕྱག་རྒྱ་དང་བཅས་ཏེ་མཆོད་དོ༔ དེ་ནས་བསྟོད་པ་ལ༔ ཧཱུྃ༔ ཆོས་སྐུ་ཁྱབ་བརྡལ་སྤྲོས་པའི་མཐའ་དང་བྲལ༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་ལོངས་སྤྱོད་རྫོགས༔ ཐུགས་རྗེས་གང་འདུལ་གདུལ་བྱའི་དཔལ་དུ་ཤར༔ སྐུ་གསུམ་ལྷུན་གྲུབ་རྫོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་དེ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་ཨཱ་ཧཱུྃ་སརྦ་པཉྩ་རཏྣ་ཡེ་ས་མ་ཡ་ཧཱུྃ་ཧཱུྃ༔ ཞེས་མང་དུ་བཟླས་མཐར༔ ཧཱུྃ་ཞེས་བརྗོད་པས༔ རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་རིན་པོ་ཆེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་འོད་དང་འོད་ཟེར་འབར་བར་བསམ་ལ་བྱིན་གྱིས་བརླབ་བོ༔ ༈དེ་ནས་རྡུལ་ཚོན་བླུགས་པ་ནི༔ སློབ་དཔོན་ཁ་ཤར་དུ་བལྟས་ཏེ༔ ཚོན་ལ་བཀོད་པའི་ཡི་གེ་བླངས་ལ༔ དབུས་ཀྱི་འགྱིང་ཕུར་ཤུལ་དུ་ཚོན་སྣ་ལྔས་བཀང་བར་བྱའོ༔ དེ་ནས་བྱང་ཤར་ནས་པྲ་བརྟག་པ་བཞིན་ཚོན་སྣ་རྣམས་རིམ་གྱིས་བླུགས་པར་བྱའོ༔ སློབ་དཔོན་གྱིས་ཡིག་བརྒྱས་ལྷག་ཆད་ཁ་བསྐང་༔ ཚོན་ལྷ་དང་ཐིག་སྐུད་ལ་སྔར་བཞིན་ཨརྒྷཾ་སོགས་དང་བསྟོད་པ་གོང་ལྟར་བྱའོ༔ མ་ཚང་བ་དང་མ་འབྱོར་ལྷག་ཆད་ཅི་མཆིས་པ་ཐམས་ཅད་ཡི་གེ་བརྒྱ་པ་དང་ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་རྣམས་ཀྱིས་མེ་ཏོག་སྣ་ཚོགས་དོར༔ དེ་དག་ལ་བསྟིམ་པའི་ལྷ་རྣམས་དབྱིངས་སུ་གཤེགས༔ བཛྲ་མུ༔ དེར་ཡང་གནས་དང་དུས་དང་རྐྱེན་གྱི་དབང་གིས་མ་འཛོམ་ནའང་༔ སྟ་གོན་གྱི་ལྷ་རྣམས་མདུན་དུ་གསལ་ཏེ་མཆོད་བསྟོད་སོགས་བྱས་ཏེ༔ མཐར་སྟེང་གི་ནམ་མཁར་བཏེགས་ཏེ་རས་བྲིས་དང་ཚོམ་བུའི་དཀྱིལ་འཁོར་ལ་བསྟིམ་པར་བྱ་བ་ཡིན་ནོ༔ ༈དེ་ནས་རྟེན་བཀྲམ་པ་ལ༔ དཀྱིལ་འཁོར་གྱི་ལྡིང་ཁྲི་ཐོག་མར་གཙོ་བོར་རྣམ་པར་རྒྱལ་བའི་བུམ་པ་རིན་པོ་ཆེ་དང་རྫའམ་ཤིང་ལས་བྱས་པའི་ནང་དུ་རིལ་བུ་ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་པའི་རང་བཞིན་དུ་དམིགས་ལ་སུམ་གཉིས་འགང་བར་བྱས་ཏེ་དར་གྱི་ཁ་ཁེབས་དང་༔ རྒྱ་ཆིངས་ལ་ཐིལ་རྒྱས་གདབ་ནས་དབུས་སུ་བཞག༔ དེའི་ཤར་དུ་བླ་མའི་གཏོར་མ༔ ལྷོ་རུ་ཡི་དམ༔ ནུབ་ཏུ་མཁའ་འགྲོ༔ བྱང་དུ་ཆོས་སྐྱོང་གི་གཏོར་མ་རྣམས་བཞག་གོ༔ ཡང་ན་མདུན་དུ་རྣམ་རྒྱལ་བུམ་པ༔ གཡས་སུ་སྐུ་གསུང་ཐུགས་རྟེན༔ རྒྱབ་ཏུ་རྡོ་རྗེ་དྲིལ་བུ༔ གཡོན་དུ་ལས་ཀྱི་བུམ་པ་རྣམས་བཞག་གོ༔ དེ་ལ་དར་གྱི་ལྡིང་གུར་ཕུབ༔ དེ་དག་གི་མདུན་ཕྱོགས་སུ་སྒྲུབ་གཏོར་རིན་ཆེན་འབར་བ་རྒྱན་ལྡན་མཆོད་རྫས་སྣ་ཚོགས་ཀྱིས་བརྒྱན་པ་བཤམ་མོ༔ འོག་ཆ་ལ༔ མདུན་དུ་བླ་མའི་གཏོར་མ༔ གཡས་སུ་ཡི་དམ༔ རྒྱབ་ཏུ་མཁའ་འགྲོ༔ གཡོན་དུ་ཆོས་སྐྱོང་གི་གཏོར་མ་བཤམས་པ་རྣམས་ལྷ་གྲངས་རྫོགས་པར་བྱའོ༔ དེ་མཐར་དཀྱིལ་འཁོར་གྱི་མཐའ་སྐྱོང་བའི་རྒྱལ་ཆེན་སྡེ་བཞི་ལ་གཏོར་མ་བཅུ་གཉིས་རེས་བསྐོར་ནས་བཞག༔ དེ་དག་སྒྲུབ་པའི་གསང་རྟེན་གཞན་གྱིས་མི་མཐོང་བར་འགོད་པ་ཡིན་ནོ༔ དེ་དག་རྣམས་ཀྱིས་གཞལ་ཡས་ཁང་གི་ཐིག་ཚོན་དང་རས་བྲིས་རྣམས་མི་སྒྲིབ་པ་གལ་ཆེ༔ ཡང་ན་ཚོམ་བུ་རྣམས་ནི་ལྷའི་དཀྱིལ་འཁོར་ཡིན་པས་གཞན་གང་སྟེང་དུ་བཞག་མི་རུང་ངོ་༔ ༈དེ་ནས་རྒྱན་བཀོད་པ་ནི༔ དཀྱིལ་འཁོར་གྱི་ཕྱི་ལ་ན་བཟའ་རིམ་པ་གསུམ༔ བར་དུ་དྲྭ་བ་དྲྭ་ཕྱེད༔ འོག་ཏུ་སྟག་ཤམ་གྱི་ཚུལ་དུ་དཀྲིས་སོ༔ དེ་དག་ནང་ནས་ཕྱི་མ་སྒྲིབ་པ༔ ཕྱི་ནས་ནང་མ་གབ་པ་ཞིག་བྱེད་དགོས་པ་ལས༔ དེ་ཡང་མཛེས་ཤིང་ཡིད་དུ་འོང་བ་བལྟ་ན་སྡུག་པ་མཐོང་ན་མི་མཐུན་པ་མེད་པ་བྱེད་དགོས་པའོ༔ སྟེང་ན་མཛེས་པའི་ཕུར་མ༔ བར་ན་མཛེས་པའི་དྲྭ་ཕྱེད༔ འོག་ན་མཛེས་པའི་སྟག་ཤམ༔ ཕྱོགས་བཞིར་བསྲུང་བའི་ཕུར་པ༔ མཚམས་བཞིར་བསྲུང་བའི་རལ་གྲིའོ༔ དེ་དག་རྣམས་ནི་སྐུ་གསུམ་གྱི་མཚོན་བྱེད་དུ་ཤེས་པར་བྱ་དགོས་པས་ཤེས་པར་གྱིས་ཤིག༔ མཆོད་རྫས་བཀོད་པ་ནི༔ ཕྱི་མཆོད་ཉེར་སྤྱོད་བདུན་དང་༔ ནང་མཆོད་དེ་དང་བསྟུན་པས༔ ཁྲག་གི་ཡོན་ཆབ༔ ཆུ་སེར་གྱི་ཞབས་བསིལ༔ དབང་པོའི་མེ་ཏོག༔ ཤ་ཚིལ་གྱི་བདུག་སྤོས༔ ཚིལ་ཞུན་གྱི་སྣང་གསལ༔ མཁྲིས་པའི་དྲི་ཆབ༔ ཤ་རུས་ཀྱི་ཞལ་ཟས༔ རྐང་གླིང་དང་ཐོད་པའི་རྔ་སྒྲ་རྣམས་སོ༔ ནང་མཆོད་ལ༔ གཟུགས་མེ་ལོང་༔ སྒྲ་པི་ཝང་༔ དྲི་བདུག་སྤོས༔ རོ་ཞལ་ཟས༔ རེག་བྱ་ན་བཟའ་སྟེ་ལྔའོ༔ གསང་མཆོད་བཤམས་པ་ལ༔ སྣང་སྲིད་བཅུད་དུ་དྲིལ་བའི་བ་ལིང་གཏོར་མ༔ སྣོད་བཅུད་དྭངས་མར་བསྡུས་པའི་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩི༔ འཁོར་བ་ཁྲག་ཏུ་བསྐྱིལ་བའི་རཀྟ་དམར་གྱི་རྒྱ་མཚོ༔ ཁྱད་པར་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་སེམས་དཀར་དམར་གྱི་མཆོད་པ༔ བདག་ལྟའི་རཱུ་ཏྲ་དབྱིངས་སུ་བསྒྲལ་བའི་ཤ་རི་ཁྲག་གི་རྒྱ་མཚོ་དང་༔ གཞན་ཡང་མཆོད་པའི་རྫས་སུ་འོས་པའི་ཡོ་བྱད་གྱ་ནོམ་པ་སྣ་ཚོགས་བཀྲམ་ནས་མཛེས་པར་བྱའོ༔ དེ་ཡིས་ཕྱི་ནང་གསང་བའི་དཀྱིལ་འཁོར་གྱི་བཀོད་པའི་ལག་ལེན་གྱི་རིམ་པ་རྫོགས་པ་ཡིན་ནོ༔ ༈དེ་ནས་དངོས་གཞི་ལ་འཇུག་པ་ནི༔ རྡོ་རྗེ་སློབ་དཔོན་ཁྲི་རུ་བཞུགས་ཏེ་ཡོལ་བས་སྒྲིབ༔ རྒྱལ་ཐེབས་སོགས་སྒྲུབ་པོ་རྣམས་གནས་ཁང་གི་ཕྱི་སྒོར་དུ་ཐོན་ཏེ༔ མེ་ཐུན༔ ཆུ་ཐུན༔ རྡོ་ཐུན་ཐམས་ཅད་སྟ་གོན་ལེགས་པར་བྱས་ཏེ༔ དང་པོ་དྲག་པོའི་སྲེག་བླུགས་ལ་བརྟེན་ནས་མེ་དཔུང་དང་མཚོན་ཐུན་འཕྲོས་ཏེ་སྒྲུབ་པ་ལ་བར་དུ་གཅོད་པའི་འདྲེ་གདོན་དམ་སྲི་བདུད་བགེགས་ཐམས་ཅད་བསྐྲད་པ་དང་༔ གཟིར་བ་དང་༔ བསད་པའི་ལས་བྱེད་པར་བསམ་སྟེ་དྲག་ཏུ་བྲབ་བོ༔ གཞན་ཡང་ཧཱུྃ་བཞིའི་སྔགས་དང་དྲག་སྔགས་འུར་འདོན་བྱ་བ་གནད་དོ༔ དེ་ནས་བསྲུང་བའི་གུར་ཁང་རིམ་པ་ལྔར་བསྒོམ༔ སླར་ཡང་ཕྱིར་ལོག་སྟེ་སྒྲུབ་ཁང་གཞལ་ཡས་ཁང་དངོས་སུ་གསལ༔ རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་རུ་བསྒོམ་སྟེ༔ སྒོ་སྲུང་རྣམས་ལ་འཇུག་ཆོག་གི་གནང་བ་ཞུ་བའི་རྗེས་ཟློས་ལ༔ ཀྱཻ༔ སྒོ་སྲུང་ཕོ་མོ་ཐམས་ཅད་ཀུན༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་ཅག་ཐར་པའི་གྲོང་ཁྱེར་དུ༔ འཇུག་ཕྱིར་སྒོ་ཕྱེ་ནང་བཏང་འཚལ༔ ཐར་པ་ཆེན་པོའི་གྲོང་བསྟན་གསོལ༔ ཞེས་ལན་གསུམ་དུ་བརྗོད༔ དེ་ནས་སློབ་དཔོན་གྱི་གནང་བ་སྦྱིན་པ་ལ༔ ཧོཿསྐལ་བར་ལྡན་པའི་སློབ་མ་རྣམས༔ ཐར་པའི་གྲོང་དུ་འཇུག་འདོད་ན༔ མི་དགེ་བཅུ་སྤོང་དགེ་བཅུ་སྒྲུབས༔ སྐྱབས་གནས་དམ་པ་དཀོན་མཆོག་གསུམ༔ རྟག་ཏུ་ཡིད་ལ་བྱེད་པ་ཡི༔ ཁས་ལེན་མེད་ན་ཕྱིར་དེངས་ཤིག༔ ཡང་སློབ་མ་རྣམས་ཀྱིས༔ ཀྱཻ༔ བདག་ཅག་སློབ་མའི་ཚོགས་རྣམས་ཀུན༔ ཁྱེད་ཀྱིས་ཇི་ལྟར་བསྒོ་བ་བཞིན༔ སྡིག་སྤངས་དགེ་བསྒྲུབ་སྐྱབས་འགྲོ་བགྱི༔ ནང་དུ་བཏང་ཞིང་གནང་བ་སྩོལ༔ ལན་གསུམ་བརྗོད༔ ༈དེ་ནས་སྒྲུབ་པའི་སྒོར་འཇུག་ཆོག་གི་ཕྱིར་རྒྱལ་ཐེབས་ཀྱིས་བུམ་པ་ཐོགས་ཏེ་སྒྲུབ་ལ་འཇུག་ཏུ་མི་རུང་བའི་ཉེས་སྐྱོན་སྦྱངས་ཕྱིར་ཁྲུས་བྱ༔ ཧཱུྃ༔ བདེ་གཤེགས་རྒྱལ་བས་བྱིན་རླབས་དག་བྱེད་ཆུས༔ སྐལ་ལྡན་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ༔ གནས་པའི་སྒྲིབ་གཉིས་བག་ཆགས་དྲི་མ་ཀུན༔ བྱང་ཞིང་དག་ནས་ཉེས་པ་ཀུན་བྲལ་གྱུར༔ ཅེས་ཡིག་བརྒྱ་སོགས་ཀྱིས་ཁྲུས་བྱའོ༔ ༈དེ་ནས་སྐྱབས་སུ་འགྲོ་བ་ལ༔ ཧཱུྃ༔ དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར༔ དཀོན་མཆོག་རིན་ཆེན་གསུམ་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི༔ ཧོཿའགྲོ་ཀུན་བྱང་ཆུབ་ལམ་ལ་གཟུད་པའི་ཕྱིར༔ རྣམ་གྲོལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ དེ་ནས་ནང་དུ་བགེགས་ཀྱི་གཏོར་མ་བཤམས་པ་བྲན་ཏེ༔ ཧཱུྃ་ཧྲཱིཿསྟེང་འོག་ཕྱོགས་མཚམས་ཀུན་ཏུ་གནས་རྒྱུ་བའི༔ ས་འོག་ས་སྟེང་ས་བླར་དབང་བྱེད་པའི༔ བགེགས་དང་ལན་ཆགས་འབྱུང་པོ་ཐམས་ཅད་ཀུན༔ དབང་དྲག་ཁྲོ་རྒྱལ་འབར་བའི་བཀའ་བྱུང་གིས༔ སྐད་ཅིག་ཡུད་ཙམ་གཅིག་ལ་འདིར་འདུས་ཤིག༔ བདག་གིས་བསྒོ་བའི་བཀའ་བཞིན་ཉན་པར་གྱིས༔ ཨོཾ་བཛྲ་ཌཱ་ཀི་རཱ་ཛ་ཧཱུྃ་ཛཿདེ་ནས་བགེགས་གཏོར་བྱིན་གྱིས་བརླབས་ཏེ༔ བཀའ་བསྒོ་བ་ནི༔ ཧཱུྃ༔ ནམ་མཁའ་བར་སྣང་ས་འོག་ས་སྟེང་དུ༔ སྐྱབས་གནས་དཀོན་མཆོག་རྩ་གསུམ་ཆོས་སྐྱོང་བཅས༔ སྐར་ལྟར་འཁྲིགས་ཤིང་སྐྱི་སེར་བཞིན་འཁྲིགས་ཏེ༔ བགེགས་དང་བར་ཆད་འདའ་བའི་གནས་མེད་ཀྱི༔ གནས་འདིར་མ་འདུག་རང་རང་གནས་སུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་ཧཱུྃ་བཞིའི་སྔགས་དང་དྲག་སྔགས་ཀྱིས་བསྐྲད་དེ་གཏོར་མ་ཕྱི་རོལ་དུ་བསྐྱལ༔ བདེན་པའི་སྟོབས་ཀྱང་བརྗོད༔ དེ་ནས་དམར་གཏོར་བྲན་ཏེ་ནག་ཕྱོགས་དམར་ལ་དགའ་བ་རྣམས་རོལ་མོའི་སྒྲ་དང་བཅས་སྤྱན་འདྲེན་པ་ལ༔ ཛཿགནས་ཡུལ་དུར་ཁྲོད་ཀུན་རྒྱུ་བའི༔ སྣང་སྲིད་ལྷ་སྲིན་དྲེགས་པ་ཅན༔ ཀུན་ལ་ཤ་ཁྲག་དམར་གཏོར་འབུལ༔ བཞེས་ནས་འདོད་དོན་ཡོངས་གྲུབ་མཛོད༔ སརྦ་ལོ་ཀ་པཱ་ལ་ཨེ་དཾ་བ་ལིཾ་ཏ་ཁཱ་ཧི༔ གཏོར་མ་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རུ་དམིགས་ཏེ་ཀུན་གྱིས་ཧབ་ཐོབ་ཏུ་རོལ་ཞིང་ཁས་བླངས་དམ་བཅས་ཏེ་རང་རང་གི་གནས་སུ་སོང་བར་བསམ་ལ༔ རྡོ་རྗེ་རྒྱལ་པོས་ཐུན་གྱིས་བྲབ་ལ་ཧཱུྃ་བཞིའི་སྔགས་བརྗོད་པར་བྱའོ༔ དེ་ནས་མཚམས་གཅོད་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཉིད་ཡི་དམ་ལྷ་ཡི་སྐུར་གསལ་བའི༔ སྤྲུལ་པའི་མཚོན་ཐུན་མེ་དཔུང་ཚུར་འདུས་པས༔ བསྲུང་བའི་འཁོར་ལོ་རིམ་ལྔ་ལྷུན་གྱིས་གྲུབ༔ བགེགས་དང་བར་ཆད་འདའ་བའི་གནས་མེད་བསམ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཡཾ་རཾ་ཁཾ་ཙཀྲ་རཀྵ་རཀྵ་ཧཱུྃ་བྷྲུྃ་སྭཱ་ཧཱ༔ ཞེས་ཤིས་བརྗོད་ཟུར་ཙམ་བྱ༔ ༈དེ་ནས་སྒྲུབ་པ་པོ་རྣམས་གྲལ་དུ་འཁོད་དེ༔ རྡོ་རྗེ་རྒྱལ་ཐེབས་གདན་ལས་བཞེངས་ཏེ༔ གཙོ་བོ་རྡོ་རྗེ་རྒྱལ་པོར་མངའ་གསོལ་བ་ནི༔ ཧཱུྃ་ཧྲཱིཿརྡོ་རྗེ་སློབ་དཔོན་སངས་རྒྱས་འདུས་པའི་དཔལ༔ པདྨ་འབྱུང་གནས་རྒྱལ་ཚབ་གཉིས་པར་གྲགས༔ སྒྲུབ་ཆེན་བཀའ་བབ་ལུང་གི་བདག་པོ་མཆོག༔ འཁོར་བ་དོང་ནས་སྤྲུགས་པའི་བཀའ་དྲིན་ཞུ༔ གང་ལ་གང་འདུལ་དགོངས་སྤྱོད་ཐབས་དུ་མས༔ བསྟན་པའི་སྒྲོན་མེ་གསལ་བྱེད་བརྟན་པར་བཞུགས༔ ཞེས་སྙན་པའི་དབྱངས་ཀྱིས་ཀུན་གྱིས་རྗེས་ཟློས་མཛད་དོ༔ དེ་ནས་ལས་རྡོར་གྱིས་རྡོ་རྗེ་སློབ་དཔོན་ལ་བདུད་རྩི་ཆང་སྐྱེམས་འདྲེན༔ དེ་ནས་རིམ་པར་རྒྱལ་ཐེབས་སོགས་མངའ་གསོལ་བ་ནི༔ ཀྱཻ༔ སློབ་དཔོན་སངས་རྒྱས་ཀུན་འདུས་ངོ་བོ་སྟེ༔ ཞལ་ངོ་གཉིས་པ་བཀའ་གདམས་འཛིན་པ་པོ༔ སྒྲུབ་ཆེན་གཉེར་འཛིན་ལས་ཀྱི་ཕོ་ཉ་མཆོག༔ བསྟན་འགྲོའི་དོན་བྱེད་རྒྱལ་ཚབ་མངའ་གསོལ་ཞིང་༔ གཞུང་བཞིན་མཛད་པ་སྤྱོད་པའི་བཀའ་དྲིན་ཞུ༔ དེ་ནས་རིམ་པར༔ ཧོཿལས་ཀྱི་རྒྱལ་ཐེབས་རྡོ་རྗེ་མཚམས་པ་དང་༔ དགའ་བའི་ཡེ་ཤེས་བསྐྱེད་ཕྱིར་གཟུངས་མ་དང་༔ ཕྲིན་ལས་གར་གིང་ལས་ཀྱི་ཕོ་ཉ་དང་༔ ཚོགས་གཉིས་གཡོག་པོ་གར་གིང་དུས་འཛིན་སོགས༔ སྒྲུབ་ཆེན་གཉེར་འཛིན་བླ་མེད་མཆོག་གི་ལམ༔ ལྷན་ཅིག་ཚུལ་དང་མཐུན་པའི་བཀའ་དྲིན་ཞུ༔ དེ་ནས་རྒྱལ་སྲིད་སྣ་བདུན་རྟགས་བརྒྱད་རྫས་བརྒྱད་དུར་ཁྲོད་ཆས་བརྒྱད་དཔལ་ཆས་བརྒྱད་རྣམས་རྒྱལ་ཚབ་ཀྱི་ཕྱག་ཏུ་གཏད་ནས༔ ཧཱུྃ་ཧྲཱིཿརིགས་ཀུན་ཁྱབ་བདག་སྤྱི་དཔལ་ཆེན་པོ་ལ༔ འཁོར་བ་རུ་བཟློག་འཁོར་ལོ་རྩིབས་སྟོང་དང་༔ གཏན་བདེའི་འདོད་འབྱུང་ནོར་བུ་དབང་གི་རྒྱལ༔ ལོངས་སྤྱོད་འབྱོར་སྤེལ་བཙུན་མོ་རིན་པོ་ཆེ༔ སྣ་ཚོགས་ཐབས་ལྡན་བློན་པོ་རིན་པོ་ཆེ༔ སྟོབས་ཀྱི་སྟོབས་ལྡན་གླང་པོ་རིན་པོ་ཆེ༔ ཐར་ལམ་མྱུར་བསྒྲོད་རྟ་མཆོག་རིན་པོ་ཆེ༔ བདུད་བཞིའི་གཡུལ་བཟློག་དམག་དཔོན་རིན་པོ་ཆེ༔ གཙོ་བོ་རྡོ་རྗེ་རྒྱལ་པོའི་ཕྱག་ཏུ་འབུལ༔ འཛད་མེད་བསོད་ནམས་གཏེར་ཆེན་མངའ་གསོལ་ལོ༔ རབ་མཛེས་བདེ་བའི་བསིལ་ལྡན་བཀྲ་ཤིས་གདུགས༔ ཤེས་རབ་མིག་ལྡན་གསེར་ཉ་ཁ་སྦྱོར་དང་༔ སྐྱོན་གྱིས་མ་གོས་འདབ་སྟོང་པདྨའི་ཚལ༔ བཀྲ་ཤིས་རིན་ཆེན་གཏེར་གྱི་བུམ་པ་བཟང་༔ དགའ་བ་གཡས་འཁྱིལ་སྙན་གྲགས་དུང་དཀར་དང་༔ མཐའ་བྲལ་རིན་ཆེན་དཔལ་གྱི་བེའུ་དང་༔ བསྟན་པ་ནུབ་མེད་བཤད་སྒྲུབ་རྒྱལ་མཚན་བསྒྲེངས༔ རྟག་པར་རྒྱུན་མི་ཆད་པའི་ཆོས་འཁོར་སྟེ༔ གཙོ་བོ་རྡོ་རྗེ་རྒྱལ་པོའི་ཕྱག་ཏུ་འབུལ༔ བཀྲ་ཤིས་ཡོན་ཏན་ཕུན་ཚོགས་མངའ་གསོལ་ལོ༔ དྭངས་གསལ་སྒྲིབ་བྲལ་འོད་འབར་མེ་ལོང་དང་༔ རྒྱུ་རྐྱེན་འབྲས་བུ་རྫོགས་པའི་བིལ་བ་པ༔ ཉོན་མོངས་ནད་སེལ་གྷི་ཝཾ་སྨན་གྱི་མཆོག༔ ཆོས་དུང་གཡས་འཁྱིལ་ཆོས་ཀྱི་གྲགས་པའི་སྒྲ༔ སྡུག་བསྔལ་གདུང་བ་སེལ་བའི་ཟས་མཆོག་ཞོ༔ ཁམས་གསུམ་དབང་དུ་བསྒྱུར་བའི་ལི་ཁྲི་པ༔ བར་ཆད་བདུད་བགེགས་སྒྲོལ་བའི་ཡུངས་དཀར་པ༔ ཚེ་དང་ཡེ་ཤེས་བསྐྱེད་པའི་དཱུརྦ་པ༔ གཙོ་བོ་རྡོ་རྗེ་རྒྱལ་པོའི་ཕྱག་ཏུ་འབུལ༔ བཀྲ་ཤིས་ཡོན་ཏན་ཕུན་ཚོགས་མངའ་གསོལ་ལོ༔ དུག་ལྔའི་སྐྱོན་བྲལ་ཐོད་སྐམ་རིགས་ལྔ་དང་༔ འདུ་ཤེས་ལྔ་བཅུ་གནས་དག་མགོ་ཕྲེང་དང་༔ འདོད་ཆགས་དྲི་མ་བྲལ་བྱེད་ཁྲག་གི་ཐིག༔ མི་སྲུན་གདུག་པ་ཀུན་གྲོལ་ཞག་གི་ཐིག༔ ཁམས་གསུམ་ཕ་རོལ་སྒྲོལ་བའི་ཐལ་ཆེན་ཚོམ༔ འཁོར་བ་དང་དུ་ལེན་པའི་རཱུ་ཏྲའི་ལྤགས༔ མི་འཇིགས་སྟོབས་དང་ལྡན་པའི་གླང་ཆེན་ལྤགས༔ སྣང་བ་རྒྱན་དུ་ཤར་བའི་སྟག་ཤམ་རྣམས༔ གཙོ་བོ་རྡོ་རྗེའི་རྒྱལ་པོའི་ཕྱག་ཏུ་འབུལ༔ གཡུལ་ལས་རྣམ་རྒྱལ་དཔའ་བོར་མངའ་གསོལ་ལོ༔ ཡེ་ཤེས་རྩལ་ཆེན་འབར་བའི་མེ་དཔུང་དང་༔ གཞན་གྱིས་མི་ཐུབ་དར་གྱི་ཅོད་པན་དང་༔ རིགས་ལྔ་རྒྱན་འཆང་རིན་ཆེན་རྩེ་བྲན་ཐོད༔ དུག་གསུམ་གཡུལ་ལས་རྒྱལ་བའི་གོ་ཁྲབ་དང་༔ ཞེ་སྡང་ཞེན་པ་བྲལ་བའི་སྦྲུལ་ཆུན་དང་༔ གཞན་སྣང་དབང་དུ་བསྒྱུར་བའི་དར་དཔྱང་དང་༔ འགྲོ་བློ་ཁ་ལོ་བསྒྱུར་བའི་དོ་ཤལ་དང་༔ ཡེ་ཤེས་གཅིག་ཏུ་བསྡུམ་པ་སྐུ་ཡི་ཆིངས༔ ཡེ་ཤེས་རང་གདངས་ཕྱག་མཚན་སྣ་ཚོགས་པ༔ སྟོན་པ་རྡོ་རྗེ་རྒྱལ་པོའི་ཕྱག་ཏུ་འབུལ༔ འཁོར་འདས་སྤྱི་དཔལ་ཆེན་པོར་མངའ་གསོལ་ལོ༔ དེ་ནས་དཀྱིལ་འཁོར་མངའ་གསོལ་ནི༔ ཨོཾ་ཨཱཿཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ལྡིང་ཁྲི་རིམ་གསུམ་ལས༔ ཐོག་མ་འོག་མིན་ཆོས་དབྱིངས་གཞལ་ཡས་མཚོན༔ བར་པ་གཞི་སྙིང་མེ་ཏོག་བཀོད་པའི་ཞིང་༔ འོག་མ་མི་མཇེད་སྤྲུལ་པའི་ཞིང་ཁམས་ཏེ༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་མཚོན་བྱེད་དེ༔ དུས་བཞིར་བསྟན་པ་མི་ནུབ་རྒྱལ་མཚན་བཞི༔ རྡོ་རྗེ་སློབ་དཔོན་རྣམ་བཞིའི་མཚོན་བྱེད་དུ༔ མདའ་དར་མཛེས་ལྡན་མེ་ལོ་དྭངས་གསལ་བཞི༔ ཆོས་སྐུ་སྟོང་ཁྱབ་སྤྲོས་པ་བྲལ་བ་ལ༔ ལོངས་སྐུ་ཡེ་ཤེས་ལྔ་ཡི་ཚོན་སྐུད་འབྲེལ༔ དྲྭ་བ་དྲྭ་ཕྱེད་མཛེས་པ་སྤྲུལ་སྐུའི་ཞིང་༔ དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཡི༔ ཤེས་རབ་མཚོན་བྱེད་རལ་གྲི་འབར་བ་བཞི༔ དཔའ་བོ་དཔའ་མོ་མཚོན་བྱེད་དར་ཤམ་མཛེས༔ སྤྲུལ་གཞི་དབྱིངས་ཀྱི་མཚོན་བྱེད་སྟོད་ཀྱི་རྒྱན༔ ཡེ་ཤེས་ཁྲོ་བཅུའི་མཚོན་བྱེད་ཕུར་པ་བཅུ༔ སྒོ་བ་བཞི་ཡི་མཚོན་བྱེད་ཕུར་པ་བཞི༔ ཀུན་རྫོབ་རྟགས་ཀྱི་མཚོན་བྱེད་མངའ་གསོལ་ཏེ༔ དོན་དམ་རྒྱལ་དང་རྒྱལ་སྲས་བྱང་སེམས་ཚོགས༔ གང་འདུལ་ཕྲིན་ལས་རྣམ་བཞིའི་མཛད་པ་ཡིས༔ སྒྲུབ་པའི་འབྲས་བུ་དུས་སུ་མཆིས་པར་མཛོད༔ རྒྱལ་བའི་དཀྱིལ་འཁོར་མི་གཡོ་བརྟན་བཞུགས་གསོལ༔ ཐབས་དང་ཐུགས་རྗེས་ཕྲིན་ལས་སྣ་ཚོགས་ཀྱིས༔ ཁམས་གསུམ་འཁོར་བ་དོང་སྤྲུགས་སྐུ་གསུམ་གྱི༔ འབྲས་བུ་མྱུར་དུ་ཐོབ་པའི་གནང་བ་ཞུ༔ དེ་ནས་གྲལ་དུ་བཞུགས་གསོལ་ནི༔ ཨོཾ་ཨཱཿཧཱུྃ༔ རྡོ་རྗེ་རྒྱལ་པོ་རྒྱལ་ཐེབས་དང་༔ གཟུངས་མ་མཆེད་དང་ལྕམ་དྲལ་བཅས༔ རང་རང་གྲལ་དུ་འཁོད་ནས་ཀྱང་༔ རིམ་གཉིས་ལམ་ལ་འཇུག་པར་ཞུ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ འོ༔ ད་འདིར་འདུས་ཤིང་འདིར་ཚོགས་པ་དཀྱིལ་འཁོར་དང་མར་མེ་གཅིག་ལ་བརྟེན་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་སྙན་གསན་ཅིང་ཐུགས་ལ་ངེས་རྒྱུར༔ གསང་སྔགས་རྡོ་རྗེ་ཐེག་པ་ནི་འབྲས་བུ་བླ་ན་མེད་པའི་ཆོས་ཡིན་ཏེ་དམ་ཚིག་གཙང་ཞིང་ཚུལ་དང་ལྡན་ངེས་པ་ཅན་ཞིག་ཡིན་དགོས་ཏེ༔ ཅིའི་ཕྱིར་ན་མཁའ་འགྲོ་དང་ཆོས་སྐྱོང་ཐམས་ཅད་ལེགས་ཉེས་གཉིས་ཀྱི་སྟངས་འཛིན༔ དམ་ཚིག་གཉན་པོས་རྗེས་གཅོད༔ ཉམས་པ་ཅན་ལ་བཀའ་ཡི་ཆད་པ་གཅོད༔ ཚུལ་དང་ལྡན་པ་རྣམས་ལ་དངོས་གྲུབ་ཀྱི་གྲོགས་བྱེད་ངེས་པ་ཅན་ཡིན་པས༔ བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས༔ བསོད་ནམས་ཚོགས་ཆེན་བསགས་པའི་འབྲས་བུ་ཚོགས་ཤིང་དུས་ལ་བབ་པའི་སྟོབས་ཀྱིས༔ དུས་དེང་སང་དལ་འབྱོར་གྱི་མི་ལུས་ཐོབ༔ མཚན་ལྡན་གྱི་བླ་མ་དང་མཇལ༔ གསང་སྔགས་རྡོ་རྗེའི་ཐེག་པའི་ཆོས་དང་འཕྲད༔ འདིར་རང་གཞན་གང་གི་དོན་ཡིན་ཀྱང་སྤྱོད་ལམ་ཞིབ་ཅིང་༔ དམ་ཚིག་ངོ་ལྐོག་མེད་ཅིང་བསམ་པ་རྒྱ་ཆེ་བའི་སྒོ་ནས་བསྒྲུབ་པ་ལ་གཟབ་ནུས་ན༔ རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པ་ཡིན༔ རྒྱལ་ཐེབས་དང་ལས་གཉེར་དགེ་བསྐོས་སོགས་ཀྱིས་རང་རང་གི་བྱ་བ་ལས་ཀ་ཐམས་ཅད་ཚུལ་དང་མཐུན་པར་ཞིག་བྱེད་དགོས་པ་དང་༔ འཚོགས་པ་རྣམས་ཀྱིས་ཀྱང་༔ གོས་མི་དོར༔ གདན་མི་སྤྲུགས༔ མཆོད་རྙོགས་དང་༔ ཀུ་རེ་བྲེ་མོ༔ ཟུར་ཟ༔ ཕྲག་དོག༔ ངག་འཁྱལ་ཐམས་ཅད་སྤངས་ཏེ༔ སྔགས་ལ་མི་ཚིག་གིས་བར་མི་གཅོད་པར་ཆུ་བོའི་རྒྱུན་བཞིན་དུ་བཟླ་བ་དང་༔ གདན་གྱི་དྲོད་མི་ཡལ་བར་འདུག་སར་སྡོད་ཚུགས་པ་དང་༔ ཤེས་པ་གཞན་དུ་མི་ཡེངས་པར༔ སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་རོལ་པར་ཤེས་དགོས་པ་དང་༔ གཞུང་བཞིན་དུ་བསྐྱེད་པའི་རིམ་པ་ལ་གཟབ་དགོས་པ་ཡིན་པས་ཀུན་གྱིས་ཐུགས་ལ་ཞོག༔ རྒྱ་གར་དུ་ཚོམ་བུ་ཚོགས་ཀྱི་བསྒྲུབ་པ་ཡོད་དེ༔ བོད་འདིར་དེ་ཡི་ཚུལ་བསྒྲུབ་ཆེན་དར་བ་ཡིནབསམ་པ་བཟང་པོའི་སྒོ་ནས་སེམས་རྒྱ་ཆེན་པོར་བསྐྱེད་ན་འབྲེལ་འཇོག་ཙམ་གྱིས་འཁོར་བ་དང་ངན་སོང་གི་ལམ་ལས་བཟློག་སྟེ་ཐར་པའི་ས་བོན་རྒྱུད་ལ་འཇོག་པ་ཡིན་ཏེ༔ དོན་ཆེན་འགྲུབ་ཁར་ལམ་ལོག་ཏུ་མ་སོང་བ་དང་༔ དངོས་གྲུབ་ཐོབ་ཁར་བདུད་ལ་མ་ཤོར་བ་རྩེ་གཅིག་ཏུ་གཟབ་དགོས་པ་ཡིན་པས་ཀུན་གྱི་ཐུགས་ལ་དེ་བཞིན་ངེས་པར་མཛོད༔ དེ་ནས་གཟུངས་ཐག་འཛིན་མཁན་བསྐྱེད་དམིགས་གནད་དང་ལྡན་པ་ཕྱོགས་བཞིར་འཁོད་པ་རྡོ་རྗེ་སློབ་དཔོན་བཞི་རུ་མངའ་གསོལ༔ དེ་ནས་ཐམས་ཅད་རང་རང་གི་གདན་ལ་འཁོད་དེ༔ བགེགས་བསྐྲད་མཚམས་གཅོད་ཀྱི་ཁོངས་སུ་འདུས་པ་བཞིན་ཆོས་ཉིད་ཀྱིས་རྒྱས་གདབ༔ དེ་ནས་བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ་ནས༔ བྱིན་འབེབས་བྱ༔ དེ་ནས་བདག་མདུན་དཀྱིལ་འཁོར་རིལ་བུ་བུམ་པ་དང་བཅས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ལྷའི་རོལ་པར་བསྐྱེད་ལ༔ སྤྱན་འདྲེན༔ བཞུགས་གསོལ༔ ཕྱག་འཚལ༔ མཆོད་འབུལ༔ བསྟོད་པ་དང་བཅས་རྫོགས་པར་བྱ༔ དེ་ནས་འཛབ་ཀྱི་སྐབས་སུ་འོད་ཟེར་སྤྲོ་བསྡུ་བསྐྱེད་དམིགས་ལ་འབད་པ་ཤིན་ཏུ་གལ་ཆེའོ༔ བདག་མདུན་བུམ་གསུམ་ལས་འཛབ་དམིགས་བསྙེན་བསྟོད་དང་བཅས་པ་རྫོགས་ནས༔ སྐབས་འདིར་ཆོས་སྐྱོང་སྤྱི་གཏོར་རྣམས་བཏང་༔ མཐར་ཚོགས་ཀྱི་རིམ་པ་ཉེས་སྐྱོན་སྦྱངས་པའི་ལོངས་སྤྱོད་གྱ་ནོམ་པ་རྣམས་བདུད་རྩིའི་རང་བཞིན་དུ་སྤེལ་ནས་ལས་གཞུང་བསྲང་བའོ༔ ༈དེ་ནས་མར་མེ་སྨོན་ལམ་ནི༔ འོ༔ འདིར་ཚོགས་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ཀྱིས༔ ཚོམ་བུ་གཅིག་ཏུ་མངོན་སངས་རྒྱས་པའི་ཕྱིར་སྣང་གསལ་མར་མེའི་སྨོན་ལམ་ལ་དགོངས་པར་ཞུ་འཚལ༔ དེ་ནས་སློབ་དཔོན་གྱིས་སྙན་པའི་དབྱངས་ལ་དྲངས་ཏེ་བརྗོད་པ་བཞིན་ཚོགས་པ་ཀུན་གྱིས་རྗེས་ཟློས་བྱས་ལ༔ ཧོ༔ བདེ་གཤེགས་བཀོད་པ་ལྷུན་གྲུབ་གཞལ་ཡས་འདིར༔ སྟོན་པ་རྡོ་རྗེ་སློབ་དཔོན་དབུ་བཟུང་ནས༔ རྒྱལ་བའི་གདུང་འཚོབ་མཆེད་དང་ལྕམ་དྲལ་རྣམས༔ ནམ་ཞིག་བྱང་ཆུབ་ལྷུམས་སུ་ཞུགས་པའི་ཚེ༔ འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང་༔ སྣང་གསལ་མར་མེ་འདི་ཡིས་མཚམས་སྦྱོར་ནས༔ མ་རིག་མུན་པ་དྲུང་ནས་འབྱིན་པ་དང་༔ གཟུང་འཛིན་ལམ་གྱིས་འཆིང་བ་ཀུན་གྲོལ་ནས༔ སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན༔ ཇི་ལྟ་མཁྱེན་པའི་ཡེ་ཤེས་མངོན་གྱུར་ཤོག༔ སྣང་གསལ་མར་མེ་འདི་ཡི་རྟེན་འབྲེལ་གྱིས༔ རང་བཞིན་རྣམ་དག་གནས་ལུགས་མངོན་གྱུར་ཏེ༔ ཇི་སྙེད་གཟིགས་པའི་ཡེ་ཤེས་སྒྲོན་མེ་ཡིས༔ འཁོར་བའི་རྒྱུ་བཟློག་ཡེ་ཤེས་དབྱིངས་གྲོལ་ཤོག༔ རང་སྣང་དོན་གྱི་འོག་མིན་ཆེན་པོ་རུ༔ ས་ལམ་གཅིག་རྫོགས་སྒྲིབ་གཉིས་མུན་པའི་སྨག༔ སེལ་ཞིང་རང་ཐོག་རང་ས་ཟིན་པ་ཡི༔ ངོ་ཤེས་གདིང་ཐོབ་རྩལ་རྫོགས་བརྟན་ཐོབ་པའི༔ ཡེ་ཤེས་གསལ་བའི་སྒྲོན་མེ་བྱེད་པར་ཤོག༔ དཀྱིལ་འཁོར་གཅིག་ཏུ་ཚོགས་པའི་མཆེད་ལྕམ་དྲལ༔ འབྲལ་མེད་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ ༈དེ་ནས་གཏེར་སྦས་པ་ལ༔ ཧཱུྃ༔ བདེ་ཆེན་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ༔ ཐབས་མཆོག་ནམ་མཁའ་མཛོད་ཀྱི་གཏེར་སྦས་པས༔ ལོངས་སྤྱོད་མི་ཟད་གཏེར་ལ་སྤྱད་པར་ཤོག༔ ཐབས་མཆོག་བདེ་ཆེན་རྡོ་རྗེའི་མཁའ་ཀློང་དུ༔ ཡེ་ཤེས་རོལ་པ་ཆེན་པོའི་གཏེར་སྦས་པས༔ སྐུ་དང་ཡེ་ཤེས་སྣང་བ་མངོན་གྱུར་ཤོག༔ སྟོང་ཉིད་ས་ཡི་ལྷ་མོའི་མཁའ་ཀློང་དུ༔ འདོད་འབྱུང་རིན་ཆེན་བུམ་པའི་གཏེར་སྦས་པས༔ མི་ཟད་རིན་ཆེན་གཏེར་ལ་ལོངས་སྤྱོད་ཤོག༔ དེ་ཡང་སངས་རྒྱས་སྤྱན་མའི་མཁའ་རུ་སྦས༔ གཞན་གྱིས་མི་ཐུབ་རྒོལ་བས་མི་འཇིགས་པ༔ སེམས་ཅན་ཀུན་གྱི་ལོངས་སྤྱོད་དཔལ་གྱུར་ཤོག༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོ༔ ལྷུན་གྲུབ་གཞོན་ནུ་བུམ་སྐུའི་སར་ཕྱིན་པར༔ ལམ་དང་འབྲས་བུའི་ཆོས་རྣམས་མངོན་གྱུར་པའི༔ སྐུ་དང་ཡེ་ཤེས་རྫོགས་པའི་གཏེར་དུ་ཤོག༔ དེ་ལྟར་གཏེར་སྦས་པ་ཡི་བསོད་ནམས་ལ༔ བརྟེན་ནས་འབྲས་བུ་ཡེ་ཤེས་ཚོགས་རྫོགས་ཏེ༔ རང་ཐོག་རང་གྲོལ་རང་ས་ཟིན་པར་ཤོག༔ ཅེས་སྦས་སོ༔ ༈དེ་ནས་རྡུལ་ཚོན་ཆུར་བསྐྱལ་ལ༔ དང་པོ་རྫས་བསྐྱེད་པ་ནི༔ དཀར་པོ་ཨོཾ་ལས་རྣམ་སྣང་མཛད༔ སྔོན་པོ་ཧཱུྃ་ལས་མི་བསྐྱོད་པ༔ སེར་པོ་ཏྲཱཾཿལས་རིན་འབྱུང་གནས༔ དམར་པོ་ཧྲཱིཿལས་སྣང་མཐའ་ཡས༔ ལྗང་གུ་ཨཱཿལས་དོན་ཡོད་གྲུབ༔ ཞལ་ཕྱག་མཚན་མ་མ་གྲུབ་ཅིང་༔ འོད་ལས་གྲུབ་པའི་ས་བོན་ལྔ༔ ཐུགས་རྗེ་འདུ་འཕྲོ་རྒྱུན་མི་ཆད༔ འོད་དང་འོད་ཟེར་རབ་འཕྲོས་པས༔ སྐུ་ལྔ་དང་ནི་ཡེ་ཤེས་ལྔ༔ འཇའ་སྤྲིན་འཁྲིགས་པ་ཇི་བཞིན་དུ༔ སྤྱན་དྲངས་ས་བོན་རྣམ་ལྔར་ཐིམ༔ གདུལ་དཀའ་འདུལ་བྱེད་རྫས་སུ་ཞུ༔ དེ་ནས་འབབ་ཆུའི་དག་པ་དྲན་པ་ནི༔ ཁཾ༔ ཆུ་ཡི་ངོ་བོ་སྟོང་པ་ཉིད༔ བདེ་ཆེན་ཀུན་ཏུ་བཟང་མོ་སྟེ༔ རྣམ་པ་ཆུ་རུ་སྣང་བ་ནི༔ ཡེ་ཤེས་ལྷ་མོ་མ་མཱ་ཀི༔ འགྲོ་བའི་སྐོམ་གདུང་སེལ་བའི་མ༔ ཁྱེད་ལ་འགྲོ་བའི་དོན་ལས་མེད༔ འུབ་ཆུབ་རོལ་པའི་མཁའ་ཀློང་དུ༔ རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས༔ རྟེན་འབྲེལ་རྫས་སུ་ཕུལ་བ་འདིས༔ དག་བྱེད་བདུད་རྩི་ཆུ་རྒྱུན་གྱིས༔ འགྲོ་བའི་སྐོམ་གདུང་སེལ་བ་དང་༔ གང་རེག་ངན་སོང་སྒོ་བཅད་ཅིང་༔ མྱོང་ཚད་ཐེག་ཆེན་སྤྱོད་པ་ཡིས༔ ཐབས་དང་ཐུགས་རྗེ་རོལ་པ་རུ༔ མཛད་པ་ཕྲིན་ལས་སྣ་ཚོགས་པ༔ རྒྱུན་མི་ཆད་པའི་བཀའ་དྲིན་ཞུ༔ ཞེས་བརྗོད་བཞིན་ཆུའི་ལྷ་མོའི་མཁའ་ཀློང་རྣམ་པར་དག་པ་ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་པར་བསམ་སྟེ༔ ཆུ་ཆུ་ཡི་རང་བཞིན་དུ་གསལ་བ་ལ༔ ངོ་བོ་དག་པ་དྲན་པ་ཙམ་ལས་ཞལ་ཕྱག་མཚན་མ་ཅན་ནི་མ་ཡིན་ནོ༔ ཆུ་དེ་མཐོང་ངམ་དྲན་ནམ་རེག་པ་ཙམ་གྱིས་ཐར་པའི་ས་བོན་རྒྱུད་ལ་ཐེབས་པར་བསམ༔ རྡུལ་ཚོན་རྣམས་ཆུ་རུ་གདབ་སྟེ༔ ཨོཾ་ཨཱཿཧཱུྃ༔ ངོ་བོ་སྟོང་ལ་རང་བཞིན་གསལ་བའི་མཁར༔ སྣ་ཚོགས་སྣང་བའི་སྟོན་འཁོར་དབྱེར་མེད་ཀྱི༔ དགོངས་པ་རོ་གཅིག་ངང་ནས་བྱིན་རླབས་པའི༔ དམ་རྫས་རྨད་བྱུང་བླ་ན་མེད་པའི་གཏེར༔ འདི་ཉིད་མ་མཱ་ཀི་ཡི་མཁར་བསྟབས་པས༔ མཐོང་ཐོས་དྲན་རེག་སྐྱེ་འགྲོ་མ་ལུས་ཀུན༔ འཁོར་བ་ངན་སོང་འཇིགས་པ་ལས་གྲོལ་ཞིང་༔ ཚ་གྲང་སྐོམ་གདུང་སྡུག་བསྔལ་རྒྱ་མཚོ་ལས༔ གྲོལ་ཏེ་ཡེ་ཤེས་སྣང་བ་འཆར་བར་ཤོག༔ ཡེ་ཤེས་མཁའ་འགྲོ་ཁྱེད་ཀྱི་བྱིན་རླབས་ཀྱིས༔ དེང་ནས་བཟུང་སྟེ་གདོད་མ་ཆོས་སྐུའི་བར༔ གཟུང་འཛིན་ལས་བྱུང་འཁྲུལ་པའི་འཁོར་ལོ་ལས༔ དབྱིངས་གྲོལ་ཡེ་ཤེས་འཁོར་ལོར་སངས་རྒྱས་ཤོག༔ ཅེས་རྡུལ་ཚོན་ཆུ་ལ་བསྐྱལ་མཐར༔ བུམ་སྣོད་ཆུ་ཡིས་བཀང་སྟེ༔ ཆུ་དེ་ཡེ་ཤེས་ལྔའི་རང་བཞིན་དུ་གསལ་ལ༔ སྒྲུབ་ཁང་ནོར་སླས་ཐམས་ཅད་ལ་གཏོར་བར་བྱའོ༔ བསྟན་པ་སྤྱིའི་སྙིང་པོ་དང་རྟེན་འབྲེལ་ཆོས་ཀྱི་སྙིང་པོ་རྣམས་བརྗོད་པས་རྫོགས་པ་ཡིན༔ སྒྲུབ་པ་གང་ལའང་དངོས་གྲུབ་ཀྱི་ལྷག་མ་སྡུད་པའི་དམ་སྲི་བསྲུང་བའི་ཆེད་དུ༔ གདན་སྲུང་ཞག་གསུམ་དུ་འདུག་པ་རིག་འཛིན་གོང་མ་རྣམས་ཀྱི་ཕྱག་སྲོལ་ཡིན་ནོ༔ དེ་ནས་ཕྲིན་བཅོལ་ནི༔ ཧོཿདགོངས་སུ་གསོལ་ལོ༔ འདི་ལྟར་གསང་སྔགས་རྡོ་རྗེ་ཐེག་པའི་སྒྲུབ་ཆེན་ཟབ་མོ་ལག་ལེན་དུ་འདེབས་པའི་སྐྱེས་བུ་རྣམས་ཀྱི་འདོད་དོན་བསྒྲུབ་པ་ལ༔ བཀའ་སྲུང་ཆོས་སྐྱོང་རྒྱ་མཚོ་བཀའ་ཡི་ལྷ་སྲིན་སྡེ་བརྒྱད་སྟོང་གསུམ་ཡུལ་ལྷ་གཞི་བདག་རྣམས་ཀྱིས༔ ཀོ་ལོང་དང་རུ་ང་ཕྲག་དོག་སྤངས་ཏེ༔ བསྒྲུབ་པའི་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་དང་༔ ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་བཟློག་པ་དང་༔ བསྐྲད་པ་དང་༔ གསོད་པ་དང་༔ བསྒྱུར་བའི་ལས་བྱེད་པར་བསྐུལ་བ་ཡིན་པས༔ ཚུལ་བཞིན་དུ་བྱེད་པའི་གཏང་རག་ཏུ༔ དཀར་པོའི་ཕྱོགས་ལ་དགའ་བ་རྣམས་དཀར་གྱིས་མཆོད༔ ནག་ཕྱོགས་ལ་དགའ་བ་རྣམས་དམར་གྱིས་མཆོད༔ རྒྱལ་བ་གོང་མ་རྣམས་ཀྱི་བཀའ་ཁྲིམས་གཏའ་རུ་བཞག༔ དཔང་དུ་བཙུགས་ནས་བཅོལ་བའི་ལས་འདི་བསྒྲུབ་པར་གྱིས་ཤིག༔ ཅེས་སེམས་ལ་བསམ་བཞིན་ངག་ནས་དེ་ལྟར་བརྗོད་པ་གལ་ཆེའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་སྒྲུབ་པའི་ཁོག་ཕུབ་རིན་ཆེན་གཏེར་བུམ་འདི་ཉིད།ཡུལ་ལྷོ་རྒྱུད་དུ་བསྟན་པའི་བ་དན་གཡོ་བ་སྟག་བླ་ཨོ་རྒྱན་བསྟན་འཛིན་གྱི་སྐྱེ་བརྒྱུད་བཅུ་བདུན་གྱི་ཐ་མ་རྟ་ཤུལ་པཎ་ཆེན་ཞེས་བྱ་བས་ནན་དུ་བསྐུལ་ངོར།རྒྱལ་དབང་པདྨའི་ཟོལ་འཛིན་རིག་འཛིན་བདུད་འཇོམས་རྡོ་རྗེས་མཁའ་འགྲོའི་བརྡ་ཡིག་ལས་ཆལ་ཆོལ་དུ་སྨྲས་པ་དག་པར་ཕབ་པའི་ཡི་གེ་པ་ནི།སྟག་རྫོང་བོན་པོ་གཡུང་གྲགས་རྡོ་རྗེའི་སྐྱེ་ཕྲེང་བཅུ་གཉིས་བརྒྱུད་པའི་མཐའ་མ་ངག་དབང་ཕྲིན་ལས་ཀྱིས་བྲིས་པ།དགེ་བས་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པའི་རྒྱུར་གྱུར་ཅིགདགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།