TTDL-ZABTER-14-PHA-013
TTDL-ZABTER-14-PHA-013
བརྡ་ཡིག༠༠༠༠༠༠༨༩༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རིག་འཛིན་བླ་མའི་སྨན་མཆོད་ཟག་མེད་བདུད་རྩི་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཛ་གད་རྫས་ཀྱིས་སྦགས་པ་ལ༔ ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས༔ ལྷ་རྣམས་རིམ་བཞིན་ཡིད་བྱེད་དེ༔ ཚིག་གི་བརྗོད་བཞིན་མཆོད་ཚུལ་བྱ༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་དང་༔ ལོངས་སྐུའི་སྟོན་པ་རིགས་ལྔ་གངས་ཆེན་མཚོ༔ སྤྲུལ་སྐུ་རིགས་གསུམ་མགོན་པོ་འཁོར་བཅས་ལ༔ ཟག་མེད་བདེ་སྟོང་བདུད་རྩིའི་མཉེས་མཆོད་འབུལ༔ ཛྙཱ་ན་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི༔ དགའ་རབ་རྡོ་རྗེ་ཤྲཱི་སིང་ཧ་དང་༔ པདྨ་ཀ་ར་ཡེ་ཤེས་མཚོ་རྒྱལ་མ༔ བི་མ་ལ་དང་ཆོས་རྒྱལ་ཡབ་སྲས་ལ༔ ཟག་མེད་བདེ་སྟོང་བདུད་རྩིའི་མཉེས་མཆོད་འབུལ༔ ཛྙཱ་ན་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི༔ རབ་འབྱམས་རྒྱལ་ཀུན་འདུས་ཞལ་མཁྱེན་བརྩེའི་གཏེར༔ རྨད་བྱུང་བརྒྱུད་གསུམ་གདམས་པའི་མཛོད་འཆང་བ༔ ཟབ་རྒྱའི་བཅུད་རོལ་རྩ་བརྒྱུད་བླ་མ་ལ༔ ཟག་མེད་བདེ་སྟོང་བདུད་རྩིའི་མཉེས་མཆོད་འབུལ༔ ཛྙཱ་ན་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི༔ རིག་འཛིན་རྒྱལ་བའི་མཐུ་ལྡན་བདུད་སྡེའི་དགྲ༔ འཇོམས་མཛད་རྡོ་རྗེའི་སྐུ་བརྙེས་གྲུབ་པའི་དབང་༔ ཟབ་གཏེར་མངའ་བདག་དྲིན་ཆེན་ཆོས་ཀྱི་རྗེ༔ ཟག་མེད་བདེ་སྟོང་༴ཛྙཱ་ན་པཉྩ༴རིགས་དང་དཀྱིལ་འཁོར་བདག་པོ་བླ་མ་རྗེ༔ སྐུ་ཡི་རིག་འཛིན་འཇམ་དཔལ་བཤེས་གཉེན་དང་༔ གསུང་གི་རིག་འཛིན་ཀླུ་སྒྲུབ་སྙིང་པོ་ལ༔ ཟག་མེད་བདེ་སྟོང་༴ཛྙཱ་ན་པཉྩ༴ཐུགས་ཀྱི་རིག་འཛིན་ཧཱུྃ་ཆེན་ཀཱ་ར་དང་༔ ཡོན་ཏན་རིག་འཛིན་རྡོ་རྗེ་ཐོད་པ་རྩལ༔ ཕྲིན་ལས་རིག་འཛིན་པྲ་ཆེན་ཧ་སྟི་ལ༔ ཟག་མེད་བདེ་སྟོང་༴ཛྙཱ་ན་པཉྩ༴རྦོད་གཏོང་རིག་འཛིན་དྷ་ན་སཾསྐྲྀ་ཏ༔ མཆོད་བསྟོད་རིག་འཛིན་རམྦུ་གུ་ཧྱ་དང་༔ དྲག་སྔགས་རིག་འཛིན་ཤཱནྟིཾ་གརྦྷ་ཏར༔ ཟག་མེད་བདེ་སྟོང་༴ཛྙཱ་ན་པཉྩ༴རྣམ་སྨིན་རིག་འཛིན་ཚེ་དབང་རིག་འཛིན་དང་༔ ཕྱག་ཆེན་རིག་འཛིན་ལྷུན་གྲུབ་རིག་པ་འཛིན༔ རིག་འཛིན་རྣམ་བཞི་འཁོར་དང་བཅས་པ་ལ༔ ཟག་མེད་བདེ་སྟོང་༴ཛྙཱ་ན་པཉྩ༴གྲུབ་བརྙེས་རྗེ་འབངས་ཉི་ཤུ་རྩ་ལྔ་དང་༔ དེ་འཁོར་ཡང་འཁོར་རིག་འཛིན་རྒྱ་མཚོའི་ཚོགས༔ མ་ལུས་ལུས་པ་མེད་པ་ཐམས་ཅད་ལ༔ ཟག་མེད་བདེ་སྟོང༴ཛྙཱ་ན་པཉྩ༴ཡེ་ཤེས་འཇིག་རྟེན་བཀའ་སྲུང་དྲེགས་པའི་སྡེ༔ རྒྱལ་ཆེན་རིགས་བཞི་ཡབ་ཡུམ་སྲས་བཅས་དང་༔ གནོད་སྦྱིན་ཤན་པ་དམར་ནག་འཁོར་བཅས་ལ༔ ཟག་མེད་བདེ་སྟོང་༴ཛྙཱ་ན་པཉྩ༴དེ་ལྟར་ལྷ་རྣམས་དགྱེས་པའི་བྱིན་རླབས་ལས༔ དངོས་གྲུབ་རྣམ་གཉིས་འོད་ཟེར་རྣམ་ལྔའི་ཚུལ༔ སྒོ་གསུམ་ལ་ཐིམ་རྩ་རླུང་ཐིག་ལེའི་ཁམས༔ འབྲས་བུ་སྐུ་གསུམ་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ སརྦ་གུ་ཎ་ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ དེ་ལྟར་དམིགས་གསལ་གནད་ལྡན་པས༔ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་སྦྱངས༔ རྣམ་པར་གྲོལ་བའི་ལམ་ཐོབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་སློབ་བུ་པཎ་ཆེན་དང་ངག་དབང་ཕྲིན་ལས་གཉིས་ཀྱིས་བསྐུལ་ངོར་རིག་འཛིན་ཆོས་ཉིད་ཀློང་རྡོལ་གྱིས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།