TTDL-ZABTER-14-PHA-014
TTDL-ZABTER-14-PHA-014
བརྡ་ཡིག༠༠༠༠༠༠༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བླ་མ་རིག་འཛིན་རྒྱ་མཚོ་ལ་བརྟེན་ནས་མདུན་བསྐྱེད་འདོད་འབྱུང་ནོར་བུ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག༠༠༠༠༠༠༩༣༔ སྒྲུབ་པ་ཉམས་ལེན་སྐྱེས་བུ་ཡིས༔ ཁ་ཙམ་ཚིག་ཙམ་མ་ཡིན་པར༔ བསྐྱེད་རིམ་གནད་དང་ལྡན་པའི་ངང༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་ཧཾ༔ མདུན་གྱི་དཀྱིལ་འཁོར་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ༔ བདེ་ཆེན་པདྨ་འོད་ཀྱི་ཞིང་ཁམས་རྒྱ་ཆེ་ལ་ཁྱོན་ཡངས་པ༔ དབྱིབས་མཛེས་ཤིང་བཀོད་ལེགས་པའི་དབུས་སུ༔ ཡེ་ཤེས་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་པའི་ནང་དུ༔ པདྨ་དང་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་བརྒྱུད་གསུམ་གྱི་བླ་མ་རྒྱལ་བ་རྒྱ་མཚོ་ཡོངས་འདུས་ཀྱི་བདག་ཉིད་སྤྱི་དཔལ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ གཟི་བརྗིད་འོད་ཕུང་ཉི་མ་འབུམ་ལས་ཆེས་ཆེར་ལྷག་པར་འབར་བ༔ ཞལ་འཛུམ་སྤྱན་གདངས་པ༔ དབུ་ལ་ཤ་བའི་མཉེན་ཞུ་རྒོད་ཀྱི་ལྡེམ་འཕྲུ་ཅན་གསོལ་ཞིང་༔ དབུ་སྐྲ་རལ་པའི་ཟར་བུ་སྐུ་རྒྱབ་ཁྲོལ་བ༔ སྐུ་ལ་ཟ་བེར་དང་ཕོད་ཁ་ཆོས་གོས་རྣམ་གསུམ་གསོལ་བ༔ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་འགྱིངས་ཤིང་༔ ཕྱག་གཡས་རྡོ་རྗེ་ས་ལ་བསྡིག་ཅིང་༔ གཡོན་པས་མཉམ་བཞག་གིས་བྷནྡྷ་དང་ཚེ་བུམ་བསྣམས་པ༔ འཇའ་ཚོན་འོད་ལྔའི་ཀློང་དུ་འཇའ་ལུས་སྒྱུ་མའི་སྐུ་སྣང་ལ་རང་བཞིན་མེད་པ་ཞིག་ཏུ་བསྒོམ༔ དེ་ཡི་ཕྱི་རིམ་འཁོར་ཡུག་ལ༔ ཤར་དུ་ཧཱུྃ་ཆེན་ཀཱ་ར་དཀར༔ ལྷོ་རུ་འཇམ་དཔལ་བཤེས་གཉེན་སེར༔ ནུབ་ཏུ་ཀླུ་སྒྲུབ་སྙིང་པོ་དམར༔ བྱང་དུ་པྲ་ཆེན་ཧསྟི་ལྗང་༔ ཤར་ལྷོར་དྷ་ན་སཾསྐྲྀ་དམར༔ ལྷོ་ནུབ་བི་མ་མི་ཏྲ་དཀར༔ ནུབ་བྱང་རམྦུ་གུ་ཧྱ་མཐིང་༔ བྱང་ཤར་ཤཱནྟིཾ་གརྦྷ་ནག༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ༔ རྒྱུད་སྡེ་རྒྱ་མཚོ་འདུས་པར་བསྐྱེད༔ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་ལས་འོད་འཕྲོས་པས༔ དབྱིངས་ནས་དབྱིངས་བཞུགས་ཡེ་ཤེས་ལྷ༔ སྤྱན་དྲངས་གཉིས་མེད་རོ་གཅིག་གྱུར༔ དེ་ནས་གཞུང་གི་སྤྱན་འདྲེན་ནས་བཟུང་ཆོ་ག་རྫོགས་པར་བྱའོ༔ ཤིང་ཁ་ཤོག་ལྕེ་རྣམས་ལ་མི་མཛེས་ཤིང་༔ སློབ་མ་བླུན་པོ་རྣམས་ཀྱི་འདོད་པའི་དོན༔ བསྐུལ་བ་བཞིན་དུ་ཕབ་པ་དེ་ལྟར་ལགས༔ བདེན་མེད་སྒྱུ་མཁན་སྒྱུ་མའི་སྣང་ཆ་ལ༔ ཇི་སྐད་སྨྲས་ཀྱང་ཉེས་འགལ་མེད་ལགས་སོ༔ སྒྱུ་མའི་མཁན་པོ་བདུད་འཇོམས་རྡོ་རྗེ་ཡིས༔ སྒྱུ་མའི་རོལ་གར་སྣང་བ་དེ་བཞིན་དུ༔ སྒྱུ་མའི་སྤྲུལ་པ་ངག་ཕྲིན་ཡི་གེར་བཀོད༔ བཀའ་སྲུང་དྲེགས་པའི་ཚོགས་རྣམས་དབྱིངས་ནས་གཟིགས༔ ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག༔ དགེའོ།།དགེའོ།།དགེའོ།།།།