TTDL-ZABTER-14-PHA-016

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-016

བརྡ་ཡིག༠༠༠༠༠༠༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྣམ་རྒྱལ་བུམ་པའི་བསྐྱེད་ཆོག་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག༠༠༠༠༠༠༡༠༥༔ བདག་ཉིད་ཡི་དམ་ལྷར་གསལ་ཏེ༔ ཟླ་བ་ལས་ནི་ཆུ་ཟླ་བཞིན༔ བུམ་པ་བཀོད་པ་ལྷར་གསལ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་བྷྲཱུྃཿཡིག་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་བུམ་པ་གཞལ་ཡས་ཁང་༔ ཁ་གཡེལ་བ༔ མཆུ་འཕྱང་བ༔ ལྟོ་བ་ལྡིར་བ༔ ཞབས་ཞུམ་པ༔ དཔག་བསམ་ཤིང་གི་ཁ་རྒྱན་ལས་མཆོད་པའི་སྤྲིན་འཁྲིགས་པ༔ ནང་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་འཁྱིལ་བའི་དབུས་སུ༔ པཾ་ལས་པདྨའི་སྡོང་པོ་ཡན་ལག་རག་ཅིང་ལོ་འདབ་རྒྱས་པའི་ལྟེ་བར་ཟླ་བ་དང་ཉི་མའི་གདན་ལ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཡོངས་སུ་འདུས་པའི་ངོ་བོ་ལ་རྣམ་པ་ཨོ་རྒྱན་ཆེ་མཆོག་པདྨ་འབྱུང་གནས་སྣང་སྲིད་ཟིལ་གནོན་གྱི་ཆ་བྱད་ཅན༔ ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ་ཞིག་ཏུ་བསྐྱེད་དོ༔ ཤར་དུ་རིག་འཛིན་ཧཱུྃ་ཀཱ་ར༔ ཡང་དག་ཐུགས་ཀྱི་ངོ་བོར་བསྐྱེད༔ ལྷོ་རུ་འཇམ་དཔལ་བཤེས་གཉེན་སེར༔ འཇམ་དཔལ་སྐུ་ཡི་ངོ་བོར་བསྐྱེད༔ ནུབ་ཏུ་ནཱ་གརྫུ་ན་དམར༔ པདྨ་གསུང་གི་ངོ་བོར་བསྐྱེད༔ བྱང་དུ་པྲ་བྷ་ཧསྟི་ལྗང་༔ ཕུར་པ་ཕྲིན་ལས་ངོ་བོར་བསྐྱེད༔ ཤར་ལྷོ་དྷ་ན་སཾསྐྲྀ་མཐིང་༔ མ་མོ་རྦོད་གཏོང་དཀྱིལ་འཁོར་རྫོགས༔ ལྷོ་ནུབ་བི་མ་མི་ཏྲ་དཀར༔ རིག་འཛིན་བླ་མའི་དཀྱིལ་འཁོར་རྫོགས༔ ནུབ་བྱང་རམྦུ་གུ་ཧྱ་མཐིང་༔ མཆོད་བསྟོད་དཀྱིལ་འཁོར་རྫོགས་པར་བསྐྱེད༔ བྱང་ཤར་ཤཱནྟིཾ་གརྦྷ་ནག༔ དྲག་སྔགས་ཡོངས་རྫོགས་ངོ་བོར་བསྐྱེད༔ གཞན་ཡང་གྲུབ་ཆེན་བརྒྱད་ཅུ་དང་༔ རྗེ་འབངས་ཉི་ཤུ་རྩ་ལྔ་སོགས༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ༔ ཏིལ་གྱི་གོང་བུ་ཕྱུར་བ་བཞིན༔ མ་འདྲེས་ཡོངས་རྫོགས་ཆེན་པོར་བསྐྱེད༔ གནས་གསུམ་རྡོ་རྗེ་སྙིང་པོ་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ་ཧྲཱིཿསྔོན་གྱི་བསྐལ་པའི་དང་པོ་ལ༔ སོགས་ནས༔ ཨོཾ་སརྦ་མ་ཧཱ་གུ་རུ་བིདྱཱ་དྷ་ར་སརྦ་བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿཏིཥྠ་བཛྲ་ས་མ་ཡ་ལྷན༔ ཨ་ཏི་པཱུ་ཧོཿཔྲ་ཏཱིཙྪ་ཧོཿཧཱུྃ༔ དངོས་འབྱོར་ཡིད་ལས་སྐྱེས་པ་ཡི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ ཕྱི་ནང་གསང་མཆོད་མི་ཟད་གཏེར༔ འདོད་ཡོན་ནམ་མཁའི་མཛོད་དུ་འབུལ༔ ན་མཿསརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་ནས་ཉེར་སྤྱོད་འདོད་ཡོན་སྨན་རཀ་ལ་སོགས་པའི་མཆོད་པའི་སྔགས་ཀྱིས་ཕུལ༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་དཔལ༔ ཁྱབ་བདག་འཁོར་ལོའི་མགོན་པོ་པདྨ་འབྱུང་༔ སྣ་ཚོགས་གར་བསྒྱུར་རིག་འཛིན་རྒྱ་མཚོའི་ཚོགས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད་དོ༔ བུམ་ལྷའི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་ཡི་གེ་ཧྲཱིཿདཀར་པོ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་དབང་བཞི་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་ཁ་དོག་སྣ་ལྔའི་རང་བཞིན་ཅན་གྱི་བདུད་རྩིས་བུམ་པ་མེར་གྱིས་གང་བར་བསམ་ལ༔ རྩ་སྔགས་བཟླས་མཐར་མཆོད་བསྟོད་བྱ༔ མཐར་ལྷ་རྣམས་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པས་བུམ་ཆུ་བདུད་རྩིའི་རྒྱ་མཚོ་ཆེན་པོ་གསལ་བའི་ཀློང་དུ་རིག་འཛིན་བླ་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཆུ་ལ་གཟའ་སྐར་བཀྲ་བ་བཞིན་དུ་བཞུགས་པར་གྱུར༔ དེ་ལྟར་དམིགས་གསལ་གནད་ལྡན་པས༔ བྱིན་གྱིས་བརླབས་པའི་བདུད་རྩི་དེ༔ དད་གུས་ལྡན་པ་གང་སུ་དག༔ མྱོང་ཚད་རྣམ་གྲོལ་བྱེད་པར་གྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་སློབ་བུ་པདྨ་ནོར་བུ་དང་ངག་དབང་ཕྲིན་ལས་གཉིས་ཀྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་པར་ཕབ་པའི་ཡི་གེ་པ་ཡང་ཞུ་བ་པོ་ཕྱི་མ་དེའོ།།དགེའོ།།།།