TTDL-ZABTER-14-PHA-020

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-020

བརྡ་ཡིག་༠༠༠༠༠༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྒྲུབ་པའི་ལྷན་ཐབས་བསྡུས་པ་ཡིད་བཞིན་དཔལ་སྟེར་བཞུགས༔ བརྡ་ཡིག་༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༡༧༦༔ གསང་སྔགས་སྒྲུབ་པ་ཉམས་ལེན་པའི༔ རྣལ་འབྱོར་ཅན་གྱི་གཅེས་ནོར་དུ༔ ལྷན་ཐབས་ཡིད་བཞིན་དཔལ་སྟེར་བསྟན༔ དང་པོ་རང་ཉིད་ལྷར་བསྐྱེད་ནི༔ ཕཊ་ཕཊ་ཕཊ༔ བདག་ཉིད་སྐད་ཅིག་གིས་མ་ཅིག་ཁྲོས་མ་ནག་མོ་སྐུ་མདོག་མཐིང་ནག་ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་དང་ལྡན་པ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པའི་ཁྲོད་དུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོགས་པ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ་ཞབས་གཉིས་གར་སྟབས་སུ་བཞུགས་པ་ཡེ་ཤེས་ཀྱི་མེ་དཔུང་དམར་ནག་འབར་བའི་ཀློང་དུ་བཞུགས་པ་ཞིག་ཏུ་བསྐྱེད་དོ༔ ཨོཾ་བཛྲ་ཀྲོ་ཏི་ཀ་ལི་ཧཱུྃ་ཕཊ༔ དེ་ནས་བསང་ཆུ་བྱིན་རླབས་ནི༔ ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་རྡོ་རྗེ་བགེགས་མཐར་བྱེད་དང་ཡུམ་རླུང་འབྱིན་མ་ཡབ་ཡུམ་བདུད་རྩིར་ཞུ་བའི་བསང་ཆུ་དེ་ཉིད་འབག་རྩོག་དག་བྱེད་ཀྱི་ནུས་པ་དང་ལྡན་ཞིང་མཆོད་རྫས་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་ཞིང་དམ་སྲི་ཉུལ་ལེ་འབྱུང་པོ་མཆོད་རྫས་ལ་རྐུ་ཞིང་འཚེ་བའི་རིགས་རྣམས་ཀྱིས་མཐོང་ངམ་ཐོས་སམ་དྲན་ནམ་རེག་པ་ཙམ་གྱིས་ལུས་ངག་ཡིད་གསུམ་བསྲེག་ཅིང་བརླག་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཁཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཞེས་ཆུ་དེ་དཀྲུགས་བྲན་བྱེད་ཅིང་༔ མཆོད་རྫས་བྱིན་རླབས་ནི༔ རཾ་ཡཾ་ཁཾ༔ ཞེས་བརྗོད་པས༔ མཆོད་རྫས་ཀྱི་མ་དག་པའི་དྲི་མ་འབག་རྩོག་ཐམས་ཅད་སྦྱངས༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་པས༔ ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ཕྱི་ཉེར་སྤྱོད་བདུན་གྱི་མཆོད་པ༔ ནང་འདོད་ཡོན་ལྔའི་མཆོད་པ༔ གསང་བ་སྨན་གཏོར་རཀྟའི་མཆོད་པ༔ སྦྱོར་སྒྲོལ་ཏན་གན་རྨད་དུ་བྱུང་བའི་མཆོད་པ༔ གཞན་ཡང་ལྷ་ཀླུ་མི་ཡི་ལོངས་སྤྱོད་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ཨོཾ་སུ་ར་སུ་ར་ཨ་བརྟ་ཡ་ཨ་བརྟ་ཡ་ཧོཿསྥ་ར་ཎ་ཁཾ་སྭཱ་ཧཱ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྡ་རཱུ་པ་ནས་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སརྦ་པཉྩ་པཱུ་ཛ་ག་ཎ་ཙཀྲ་ཧོཿདེ་ནས་ཚོགས་ཞིང་ནི༔ རང་ཅག་རྣམས་ཀྱི༔ མདུན་གྱི་ནམ་མཁར་སྤྲུལ་སྐུ་ཁྲོས་མ་ནག་མོ་ལ་མཁའ་འགྲོ་བྱེ་བ་འབུམ་སྡེས་བསྐོར་ཞིང་༔ དེའི་སྤྱི་བོར་ལོངས་སྐུ་རྡོ་རྗེ་ཕག་མོ༔ དེའི་སྤྱི་བོར་ཆོས་སྐུ་ཀུན་ཏུ་བཟང་མོ་རྣམས་ཀུན་ཀྱང་མཐིང་ནག་འོད་ཕུང་འབར་བ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པའི་ངོ་བོར་གྱུར་བ་སྣང་སྟོང་ནམ་མཁའི་ཀློང་ནས་འཇའ་ཚོན་ཤར་བ་བཞིན་དུ་བཞེངས་པར་བསམ༔ མཐར་ཛཿཧཱུྃ་བཾ་ཧོཿཚོགས་ཞིང་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་བྱིན་གྱིས་བརླབས་པར་བསམ༔ དེ་ནས་དཀར་གཏོར་བྱིན་རླབས་ནི༔ ཨོཾ་བཛྲ་ཨ་མྲྀ་ཏས་བསང༔ ཨོཾ་སྭ་བྷཱ་ཝས་སྦྱངས༔ སྟོང་པའི་ངང་ལས་དཀར་གསུམ་མངར་གསུམ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་བདུད་རྩིའི་རང་བཞིན་དུ་གནས་པ་འདོད་ཡོན་ནམ་མཁའ་མཛོད་དུ་གྱུར༔ ཨོཾ་ཨ་ཀཱ་རོ༴བགེགས་གཏོར་བྱིན་རླབས་ལ༔ ཨོཾ་བཛྲ་ཨ་མྲྀ་ཏས་བསང་༔ ཨོཾ་སྭ་བྷཱ་ཝས་སྦྱངས༔ སྟོང་པའི་ངང་ལས་ལན་ཆགས་བགེགས་ཀྱི་གཏོར་མ་ཤ་རི་ཁྲག་གི་རྒྱ་མཚོ་ལ་སོགས་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧ་ཧོ་ཧྲཱིཿདེ་ནས་ཕྲེང་བ་བྱིན་རླབས་ལ༔ ཨོཾ་སརྦ་དྷརྨ་ག་གཱ་ན་ཨ་ཨཱཿསྟོང་པའི་ངང་ལས་བགྲང་ཕྲེང་རྣམས་ཡེ་ཤེས་ཀྱི་ལྷ་སྐུ་སྣང་ལ་རང་བཞིན་མ་གྲུབ་པ་འོད་ཟེར་ལུ་གུ་རྒྱུད་དུ་འབྲེལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་ལ་གཉིས་སུ་མེད་པར་ཐིམ་སྟེ་ཐམས་ཅད་ཀྱི་སྔགས་སྒྲ་ཏི་རི་རི་སྒྲོགས་པར་བསམ༔ ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྟ་ན་ཡེ་སྭཱ་ཧཱ༔ རྟེན་འབྲེལ་སྙིང་པོས་བྱིན་གྱིས་བརླབས༔ དེ་ནས་ཚོགས་བསྒྲལ་གྱི་སྐབས་སུ༔ ཚོགས་སྣོད་དེ་ཉིད་ཨེ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་ནག་ལ་གཏིང་ཟབ་པའི་ནང་དུ་ཚོགས་རྫས་དེ་ཉིད་དགྲ་བགེགས་དངོས་སུ་གསལ་བར་གྱུར༔ རང་ཡི་དམ་གྱི་ཐུགས་ཀ་ནས་ལས་བྱེད་སྤྲུལ་པའི་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་དཔག་ཏུ་མེད་པ་འཕྲོས་པས་དགྲ་བགེགས་ཐམས་ཅད་རང་དབང་མེད་པར་བཀུག་ནས་རཱུ་པ་ལ་ཐིམ་པར་གྱུར༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཚོགས་ཐ་མ་དམིགས་པའི་རྟེན་འདི་ལ་ཁུག་ཅིག༔ ཛཿཧཱུྃ་བཾ་ཧོཿལྷག་གཏོར་བྱིན་རླབས་ལ༔ ཨོཾ་སྭ་བྷཱ་ཝ་སོགས༔ ཨོཾ་བཛྲ་ཨ་མྲྀ་ཏ་སོགས༔ ཚོགས་ཀྱི་ལྷག་མ་བདེ་སྟོང་ཟག་པ་མེད་པའི་བདུད་རྩི་ལ་རྣམ་པ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿདེ་ནས་གཏོར་འགུགས་ལ༔ མདུན་དུ་ཨེ་ཡིག་ནག་པོ་ཡོངས་སུ་གྱུར་པ་ལས༔ ལས་ཀྱི་གཤིན་རྗེའི་བཙོན་ཁང་རྒྱ་ཆེ་ལ་གཏིང་ཟབ་པའི་ནང་དུ་གཏོར་མ་དེ་ཉིད་དགྲ་བགེགས་དངོས་སུ་གསལ་བར་གྱུར༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་སྐུ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པས་དགྲ་བགེགས་གནོད་བྱེད་ཐམས་ཅད་ཀྱི་ཚེ་བླ་སྲོག་གསུམ་མཐུ་ནུས་ལོངས་སྤྱོད་དང་བཅས་པ་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག༔ ཛཿཧཱུྃ་བཾ་ཧོཿལན་གསུམ་མཐར༔ དབྱིངས་ནས་ཐུན་མཚོན་སྣ་ཚོགས་ཀྱི་ཆར་བབས་ནས་ཤ་རི་ཁྲག་གི་རྒྱ་མཚོ་ནམ་མཁའི་གཏོས་དང་མཉམ་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་གནས་པར་གྱུར༔ དེ་ནས་བརྟན་གཏོར་བྱིན་བརླབས་ནི༔ གཏོར་མ་ཟག་པ་མེད་པ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པར་གྱུར༔ བྲོ་མནན་ལ༔ གཏོར་གཞོང་ཁ་སྦུབས་པ་དང་དུས་མཚུངས་པར་བདག་ཅག་གི་མི་མཐུན་པའི་ཕྱོགས་ཐམས་ཅད་ནུབ་པར་གྱུར་ཅིག༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན༔ བླ་མ་ཡི་དམ་མཁའ་འགྲོ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བདེན་པས་གནོད་བྱེད་དམ་སྲི་རྒབ་འདྲེ་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག་རོལ་དུ་ཁུག་ཅིག༔ ཛཿཧཱུྃ་བཾ་ཧོཿགཏོར་གཞོང་ཡར་བཏེགས་པའི་ཚེ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་མངའ་ཐང་ཡོན་ཏན་སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་སྙན་གྲགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག༔ བྷྲཱུྃ་ཨ་ཡུ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སླར་ཡང་བཀྲ་ཤིས་བྱ་བ་ལ༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དཔའ་མོའི་ཚོགས་ཀྱིས་ནམ་མཁའ་ལ་སྐུ་ཡིས་མཛེས་པའི་གར་བྱེད༔ གསུང་ཚངས་པའི་དབྱངས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་ཏི་རི་རི་སྒྲོགས་ཤིང་ཕྱག་ནས་མེ་ཏོག་མནྡྷ་ར་བའི་ཆར་ཆེན་པོ་ཕབ་པར་གྱུར༔ ཨོཾ་ཡེ་དྷརྨ་ཧེ་ཏུ་སོགས༔ རིགས་སྲས་དྲི་མེད་འོད་ཟེར་དང་ཆོས་གསལ་གཉིས་ཀྱིས་བསྐུལ་ངོར་བདུད་འཇོམས་པས་སོ།།དགེའོ།།དགེའོ།།དགེའོ།།།།