TTDL-ZABTER-14-PHA-021
TTDL-ZABTER-14-PHA-021
བརྡ་ཡིག་༠༠༠༠༠༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བྱུར་སྲི་དམ་སྲི་མནན་པའི་ཆོ་ག་སྲ་བརྟན་རྡོ་རྗེའི་ལྷུན་པོ་ཞེས་བྱ་བ་བཞུགས་སོ༔ བརྡ་ཡིག་༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༡༨༤༔ ཐར་པ་དོན་དུ་གཉེར་བྱེད་ཅིང་༔ སྒྲུབ་པ་ལྷུར་ལེན་རྣལ་འབྱོར་གྱིས༔ དང་པོ་བར་གཅོད་དམ་སྲི་རྣམས༔ མནན་པ་གནད་དང་མི་ལྡན་ན༔ དུས་དྲུག་ཉུལ་ཞིང་དངོས་གྲུབ་འཕྲོག༔ བསྒྲུབ་པའི་འབྲས་བུ་འབྱིན་མི་འགྱུར༔ ཕྱི་རྐྱེན་ཡུལ་སློང་ཡུལ་དུ་བསླུ༔ ནང་རྐྱེན་ལུས་ཀྱི་ན་ཚ་སློང་༔ གསང་རྐྱེན་སེམས་ཀྱི་དགའ་སྡུག་གིས༔ བསྐྱེད་རྫོགས་གདིང་འཆོལ་སྡོད་མི་ཚུགས༔ དེ་ཕྱིར་དང་པོ་མནན་པ་ཡི༔ ལས་ཀྱི་ཆོ་ག་འདིར་བརྩོན་པས༔ སྒྲུབ་ལ་བར་ཆད་མེད་པ་དང་༔ དངོས་གྲུབ་རིང་པོར་མི་ཐོགས་པར༔ འགྲུབ་ཅིང་འཐོབ་པ་གདོན་མི་ཟ༔ ས་མ་ཡ༔ གཟུགས་ནི་གཞུང་བཞིན་བཀོད་ནས་སུ༔ ལྟོ་བ་དང་ནི་ཕྱི་ཁྱམས་སུ༔ སྲི་ངན་མིང་དང་སྔགས་བཀོད་བྱ༔ ཁྱད་པར་ཆུང་སྲི་གཞོན་སྲི་དང་༔ ཆེ་སྲི་གྲི་སྲི་འགགས་སྲི་དང་༔ ཞ་སྲི་ལོང་སྲི་འོན་སྲི་དང་༔ ནད་སྲི་ཤི་སྲི་གོད་སྲི་དང་༔ དགྲ་སྲི་རྣམས་ཀྱི་མིང་ཡིག་བཀོད༔ རང་གི་ཁ་རླངས་དྲི་མ་ཀུན༔ བྱབ་བདུག་རླུང་ལ་ཕྱར་བ་དང་༔ བྱུག་པ་དང་བཅས་གནད་ལྡན་ཏེ༔ འགུགས་གཞུག་བརྒྱ་སྟོང་ལ་སོགས་མཐར༔ ཟུར་རྣམས་བཅད་དེ་ཤི་ལྤགས་ལྟར༔ དྲིལ་ཏེ་ཀླད་ལ་ལན་གསུམ་བསྐོར༔ རང་ཐག་འོག་དང་ཡག་ཤིང་བུག༔ སྒོ་ཐེམ་དང་ནི་ཁྱིའི་མཇུག་མར༔ ལན་ནི་གསུམ་གསུམ་བསྐོར་བར་བྱ༔ ཁྱི་སྤུ་དང་ནི་ར་བལ་གྱིས༔ རྒྱ་གྲམ་ཚུལ་དུ་དཀྲིས་ནས་སུ༔ བྲུབ་ཁུང་གྲུ་གསུམ་ནང་དུ་བཅུག༔ ས་མ་ཡ༔ དེ་ནས་གསེར་སྐྱེམས་འབུལ་བ་ལ༔ ཀྱཻ༔ སྐྱབས་གནས་དཀོན་མཆོག་རྣམ་གསུམ་དང་༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ སྲི་རྣམས་འགུགས་མནན་ཕྲིན་ལས་མཛོད༔ ཡེ་ཤེས་འཇིག་རྟེན་དྲེགས་པ་ཅན༔ དམ་ཅན་བཀའ་ཡི་སྲུང་མ་རྣམས༔ བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ སྲི་རྣམས་འགུགས་མནན་ཕྲིན་ལས་མཛོད༔ ལྷ་ཀླུ་གཉན་བཙན་བདུད་གཤིན་དམུ༔ ཡུལ་ལྷ་གཞི་བདག་དྲེགས་པ་ཅན༔ མ་ལུས་གསེར་སྐྱེམས་འདི་བཞེས་ལ༔ སྲི་རྣམས་འགུགས་མནན་ཕྲིན་ལས་མཛོད༔ ཕ་རི་གཡས་དང་ཚུ་རི་གཡོན༔ ཉིན་རི་སྲིབ་རི་བཀོད་པ་ཐང་༔ སྐྱེ་བ་ཤིང་དང་འབབ་པ་ཆུ༔ སྲ་བ་བྲག་དང་རྫ་སྤང་ལམ༔ ཀུན་ལ་གནས་པའི་ལྷ་འདྲེ་རྣམས༔ བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ བདག་དང་ཡོན་བདག་འབངས་འཁོར་སྡེ༔ ཡོངས་ལ་གནོད་པའི་སྲི་བདུད་བགེགས༔ མ་ལུས་བཀུག་ཅིང་བསྒྲལ་བ་དང་༔ བསད་དང་མནན་པའི་ལས་མཛོད་ཅིག༔ བཀའ་དམ་གཉན་པོ་དཔང་བཙུག་གོ༔ མ་འདའ་བཛྲ་ས་མ་ཡ༔ དེ་ནས་གཟུ་དཔང་བྱ་བ་ལ༔ ཧོཿདཀོན་མཆོག་གསུམ་པོ་གཟུ་དང་དཔང་༔ རྩ་བརྒྱུད་བླ་མ་གཟུ་དང་དཔང་༔ ཡི་དམ་ལྷ་ཚོགས་གཟུ་དང་དཔང་༔ མ་རྒྱུད་མཁའ་འགྲོ་གཟུ་དང་དཔང་༔ བཀའ་སྲུང་ཆོས་སྐྱོང་གཟུ་དང་དཔང་༔ ཡུལ་ལྷ་གཞི་བདག་གཟུ་དང་དཔང་༔ དགོན་གནས་ཆོས་འཁོར་དབེན་གནས་དང་༔ འབྱུང་བ་ལྔ་ལ་རྟེན་བཅས་པའི༔ སྣང་སྲིད་ལྷ་འདྲེ་དྲེགས་ཅན་རྣམས༔ མ་ལུས་ལུས་པ་མེད་པ་རུ༔ གཟུ་དང་དཔང་ལ་དགོངས་སུ་གསོལ༔ ཐོག་མཐའ་བར་གསུམ་ཐམས་ཅད་དུ༔ བདག་གི་སྒོ་གསུམ་མ་ཉེས་ཏེ༔ དཀོན་མཆོག་གསུམ་ལ་བློ་གཏད་ཅིང་༔ སྙིང་པོའི་སྒྲུབ་པ་ལྷུར་བླངས་ཏེ༔ མ་ཉེས་བདེ་བར་འདུག་པ་ལ༔ མི་སྲུན་ལོག་འདྲེན་བདུད་ཀྱི་རིགས༔ སྲི་ངན་རྣམས་ཀྱི་རྒོལ་བ་བྱུང་༔ ཕྱི་ནང་གསང་བའི་བར་ཆད་བརྩམས༔ དངོས་གྲུབ་ཕྲོག་ཅིང་སྲོག་ལ་རྒོལ༔ ལོངས་སྤྱོད་དཀོར་ལ་རྐུ་ཞིང་ཕྲོག༔ འདི་འདྲའི་རྒོལ་ངན་ཕོད་བཙུག་ལ༔ དཀོན་མཆོག་གསུམ་གྱིས་མཁྱེན་པར་གསོལ༔ མཁྱེན་ཅིང་མངོན་སྤྱོད་ལས་ལ་ཆོས༔ རྩ་གསུམ་སྲུང་མས་མཁྱེན་པར་གསོལ༔ མཁྱེན་ཅིང་མངོན་སྤྱོད་ལས་ལ་ཆོས༔ སྡེ་བརྒྱད་གཞི་བདག་ཐམས་ཅད་ཀྱིས༔ མཁྱེན་པར་གསོལ་ལོ་ཕྲིན་ལས་མཛོད༔ མི་སྲུན་གདུག་པའི་དགྲ་བགེགས་འདི༔ ལོ་ཟླར་བཞག་ན་བསྟན་པ་འཇིག༔ ཞག་དང་ཟ་མར་མ་འགྱང་བར༔ ད་ལྟ་ཉིད་དུ་ཁུག་ལ་ཤོག༔ ང་ཡི་དབང་དུ་གྱུར་ནས་ནི༔ སྒྲོལ་ཞིང་མནན་པའི་ལས་མཛོད་ཅིག༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་དུ་བཙུགས༔ མ་འདའ་བཅོལ་བའི་ཕྲིན་ལས་མཛོད༔ ཅེས་གསེར་སྐྱེམས་ཕྱི་རོལ་དུ་དོར་ཞིང་བསྐུལ་བ་བྱ་བ་ནི༔ ཧཱུྃ་ཛཿཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྣམས༔ བརྒྱུད་འཛིན་མོས་གུས་གདུང་ཤུགས་ཀྱིས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ གང་འདུལ་ཐབས་རྣམ་དུ་མ་ཡིས༔ སྲི་རྣམས་འགུགས་པའི་ཕོ་ཉ་རུ༔ མི་སྲུན་དྲག་པོའི་ཆ་ལུགས་སུ༔ ཤར་གྱི་ཕྱོགས་ནས་སྐུར་བཞེངས་ཤིག༔ ཛཿཤར་གྱི་ཕྱོགས་ནས་བྱུང་བ་ནི༔ ཁྲོ་བོ་དཀར་པོ་འཇིགས་ཤིང་རྔམས༔ ལག་ན་གསོད་པའི་མཚོན་ཆ་ཐོགས༔ རང་འདྲའི་སྤྲུལ་པ་ཁྲ་ཐབས་འགྱེད༔ སྦྱོར་སྒྲོལ་ཡུམ་ཆེན་ཁྲོ་མོའི་ཚོགས༔ དཀར་མོ་དུང་གི་ཁ་ཏོག་འབར༔ གཤོག་པས་བར་སྣང་རླབས་ཀྱིས་གཅོད༔ གཡས་པས་འགུགས་བྱེད་ལྕགས་ཀྱུ་དང་༔ སྒྲོལ་བྱེད་ཕུར་པ་གཡོན་ན་ཐོགས༔ ལས་མཁན་མགོ་བརྙན་ཅན་གྱི་ཚོགས༔ ས་འོག་ས་སྟེང་ས་བླ་དང་༔ ཕྱོགས་མཚམས་ཀུན་ཏུ་ཁྱབ་པ་ཡིས༔ རྒོལ་དང་གནོད་འཚེ་སྲི་ངན་ཀུན༔ ཤར་གྱི་ཕྱོགས་ནས་ཁུག་ལ་ཤོག༔ གཟུགས་བྱང་རཱུ་པ་འདི་ལ་ཁུག༔ ཧཱུྃ་ཛཿཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྣམས༔ བརྒྱུད་འཛིན་མོས་གུས་གདུང་ཤུགས་ཀྱིས༔ བསྐུལ་ལོ༴བཞེངས་ཤིག༴གང་འདུལ༴སྲི་རྣམས༴མི་སྲུན༴ལྷོ་ཡི༴ཛཿལྷོ་ཡི་ཕྱོགས་ནས་བྱུང་བ་ནི༔ ཁྲོ་བོ་སེར་པོ་གཏུམ་རྔམས་ཞལ༔ ལག་ན༴རང་འདྲའི༴སྦྱོར་སྒྲོལ༴སེར་མོ་གསེར་གྱི་ཁ་ཏོག་འབར༔ གཤོག་པས༴གཡས་པས༴སྒྲོལ་བྱེད༴ལས་མཁན༴ས་འོག༴ཕྱོགས་མཚམས༴རྒོལ་དང་༴ལྷོ་ཡི༴གཟུགས་བྱང་༴ཧཱུྃ་ཛཿཕྱོགས་བཅུ་དུས་གསུམ༴བརྒྱུད་འཛིན༴བསྐུལ་ལོ༴བཞེངས་ཤིག༴གང་འདུལ༴སྲི་རྣམས༴མི་སྲུན༴ནུབ་ཀྱི༴ཛཿནུབ་ཀྱི་ཕྱོགས་ནས༴ཁྲོ་བོ་དམར་པོ་གཏུམ་རྔམས་ཞལ༔ ལག་ན༴རང་འདྲའི༴སྦྱོར་སྒྲོལ༴དམར་མོ་མི་བཟད་སྙིང་འཕྲོག་མ༔ གཤོག་པས༴གཡས་པས༴སྒྲོལ་བྱེད༴ལས་མཁན༴ས་འོག༴ཕྱོགས་མཚམས༴རྒོལ་དང་༴ནུབ་ཀྱི༴གཟུགས་བྱང་༴ཧཱུྃ་ཛཿཕྱོགས་བཅུ་དུས་གསུམ༴བརྒྱུད་འཛིན༴བསྐུལ་ལོ༴བཞེངས་ཤིག༴གང་འདུལ༴སྲི་རྣམས༴མི་སྲུན༴བྱང་གི༴ཛཿབྱང་གི་ཕྱོགས་ནས༴ཁྲོ་བོ་ལྗང་ནག་འཇིགས་རུང་བ༔ སྒྲོལ་ཞིང་གསོད་པའི་མཚོན་ཆ་ཐོགས༔ རང་འདྲའི༴སྦྱོར་སྒྲོལ༴ལྗང་ནག་སྲོག་ལེན་ཤ་ཟ་མོ༔ གཤོག་པས༴གཡས་པས༴སྒྲོལ་བྱེད༴ལས་མཁན༴ས་འོག༴ཕྱོགས་མཚམས༴རྒོལ་དང་༴བྱང་གི༴གཟུགས་བྱང་༴ཧཱུྃ་ཛཿཕྱོགས་བཅུ་དུས་གསུམ༴བརྒྱུད་འཛིན༴བསྐུལ་ལོ༴བཞེངས་ཤིག༴གང་འདུལ༴སྲི་རྣམས༴མི་སྲུན༴ཤར་ལྷོའི་མཚམས་ནས༴ཛཿཤར་ལྷོ་མཚམས་ནས༴ཁྲོ་བོ་དཀར་པོ་འཇིགས་པའི་གཟུགས༔ གསོད་ཅིང་སྒྲོལ་བའི་ཕྱག་མཚན་ཅན༔ རང་འདྲའི༴སྦྱོར་སྒྲོལ༴མི་སྲུན་འཇིགས་པའི་ཆ་ལུགས་ཅན༔ འགུགས་དང་གསོད་པའི་མཚོན་ཆ་བསྣམས༔ ལས་བྱེད་སྤྲུལ་པ་སྣ་ཚོགས་ཀྱིས༔ རྒོལ་དང་གནོད་འཚེ་སྲི་ངན་ཀུན༔ ཤར་ལྷོའི་མཚམས་ནས་ཁུག་ལ་ཤོག༔ ལས་ཀྱི་ལིངྒ་འདི་ལ་ཕོབ༔ ཧཱུྃ་ཛཿཕྱོགས་བཅུ་དུས་གསུམ༴བརྒྱུད་འཛིན༴བསྐུལ་ལོ༴བཞེངས་ཤིག༴གང་འདུལ༴སྲི་རྣམས༴མི་སྲུན༴ལྷོ་ནུབ་མཚམས་ནས༴ཛཿལྷོ་ནུབ་མཚམས་ནས༴ཁྲོ་བོ་དམར་སེར་འཇིགས་པའི་གཟུགས༔ གསོད་ཅིང་སྒྲོལ་བའི༴རང་འདྲའི༴སྦྱོར་སྒྲོལ༴མི་སྲུན༴འགུགས་དང་༴ལས་བྱེད༴རྒོལ་དང་༴ལྷོ་ནུབ་མཚམས་ནས༴ལས་ཀྱི་ལིངྒ༴ཧཱུྃ་ཛཿཕྱོགས་བཅུ་དུས་གསུམ༴བརྒྱུད་འཛིན༴བསྐུལ་ལོ༴བཞེངས་ཤིག༴གང་འདུལ༴སྲི་རྣམས༴མི་སྲུན༴ནུབ་བྱང་མཚམས་ནས༴ཛཿནུབ་བྱང་མཚམས་ནས༴ཁྲོ་བོ་དམར་ནག༴གསོད་ཅིང་སྒྲོལ༴རང་འདྲའི༴སྦྱོར་སྒྲོལ༴དམར་ནག་འཇིགས་ཤིང་བལྟར་མི་བཟོད༔ འགུགས་དང་༴ལས་བྱེད༴རྒོལ་དང་༴ནུབ་བྱང་མཚམས་ནས༴ལས་ཀྱི་ལིངྒ་༴ཧཱུྃ་ཛཿཕྱོགས་བཅུ་དུས་གསུམ༴བརྒྱུད་འཛིན༴བསྐུལ་ལོ༴བཞེངས་ཤིག༴གང་འདུལ༴སྲི་རྣམས༴མི་སྲུན༴བྱང་ཤར་མཚམས་ནས༴ཛཿབྱང་ཤར་མཚམས་ནས༴ཁྲོ་བོ་དཀར་ལྗང་འཇིགས་པའི་གཟུགས༔ གསོད་ཅིང་སྒྲོལ་བའི་ཕྱག་མཚན་ཅན༔ རང་འདྲའི་སྤྲུལ་པ་སྐར་ལྟར་འཁྲིགས༔ སྦྱོར་སྒྲོལ་ཡུམ་ཆེན་ཁྲོ་མོ་ནི༔ དཀར་ལྗང་ཀུན་ཏུ་ཐོགས་མེད་རྒྱུ༔ འགུགས་དང་གསོད་པའི་མཚོན་ཆ་བསྣམས༔ ལས་བྱེད་སྤྲུལ་པ་སྣ་ཚོགས་ཀྱིས༔ རྒོལ་དང་གནོད་འཚེ་སྲི་ངན་ཀུན༔ བྱང་ཤར་མཚམས་ནས་ཁུག་ལ་ཤོག༔ ལས་ཀྱི་ལིངྒ་འདི་ལ་ཕོབ༔ ཧཱུྃ་ཛཿཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྣམས༔ བརྒྱུད་འཛིན་མོས་གུས་གདུང་ཤུགས་ཀྱིས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ གང་འདུལ་ཐབས་རྣམ་དུ་མ་ཡིས༔ སྲི་ངན་འགུགས་པའི་ཕོ་ཉ་རུ༔ མི་སྲུན་དྲག་པོའི་སྐུར་བཞེངས་ཤིག༔ ཛཿསྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ ཡེ་ཤེས་ཁྲོ་བོ་ཁྲོ་མོའི་ཚོགས༔ གཞན་གྱིས་མི་ཐུབ་དྲག་ཤུལ་ཅན༔ མཐུ་རྩལ་ནུས་སྟོབས་ཐོགས་མེད་པས༔ ཀུན་ཁྱབ་ཡོངས་སུ་ཁེངས་པར་མཛོད༔ རྒོལ་དང་གནོད་འཚེ་སྲི་ངན་ཀུན༔ རང་དབང་མེད་པར་ཁུག་ལ་ཤོག༔ ལས་ཀྱི་ལིངྒ་འདི་ལ་ཕོབ༔ སྨུག་འཐིབ་མྱོས་བརྒྱལ་བསྒྲལ་ལས་མཛོད༔ མནན་པའི་ལས་ལ་ད་རེམ་ཞིག༔ མ་གཡེལ་མ་འགྱངས་འཕྲིན་ལས་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་བྲུབ་ཁུང་བསྐྱེད་པ་ནི༔ ཨོཾ་སྭ་བྷཱ་ཝ་སོགས༔ རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་ཀར་ཕོག༔ དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཕུང་ནག་པོ་མུན་པ་འཐིབ་པ་ལྟ་བུར་བྱུང་ནས་གནོད་བྱེད་སྲི་ངན་གྱི་རིགས་སུ་གྱུར་པ་ཐམས་ཅད་རང་དབང་མེད་པར་མདུན་དུ་བཀུག་ནས་ཡོད་པའི་མཐར་འོད་ནག་དེ་ཉིད་གྲུ་གསུམ་གནམ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་ཁ་དོག་ལ་གཏིང་ཡངས་ཤིང་ཟབ་པ༔ ནང་ན་གཏི་མུག་གི་མུན་ནག་འཐིབ་ཅིང་༔ ཁ་ཁྱེར་ན་ཞེ་སྡང་གི་མེ་དཔུང་འབར་བ༔ ཟུར་ན་ང་རྒྱལ་གྱི་བྲག་རི་རྙིལ་ཞིང་༔ ཞབས་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ༔ ཕྱི་ནང་འཁོར་ཡུག་ཐམས་ཅད་དུ་ཕྲག་དོག་གི་རླུང་དམར་འཚུབས་ཤིང་ཕོ་ཉ་ལས་མཁན་གྱི་ཚོགས་རྣམས་སོད་སོད་དང་ཆོད་ཆོད་ཀྱི་སྒྲ་སྒྲོགས་ཤིང་གསོད་གཅོད་རྔམས་པའི་ལས་ལ་བརྩོན་པ་ཞིག་ཏུ་གྱུར༔ དེའི་ནང་དུ་ནྲྀཿདང་ཏྲིཿཡིག་ཡོངས་སུ་གྱུར་པ་ལས་དམ་སྲི་བྱུར་སྲི་ཐམས་ཅད་འདུས་པའི་ངོ་བོ་རཱུ་པ་མདོག་སྔོ་ལ་མདངས་ཉམས་པ༔ དབུས་སུ་ཞེ་སྡང་མི་མགོ༔ གཡས་སུ་ང་རྒྱལ་རྟ་མགོ༔ གཡོན་དུ་གཏི་མུག་སྤྲེལ་མགོ༔ སྟེང་དུ་འདོད་ཆགས་བྱ་མགོ༔ ཕྲག་དོག་ཁྱིའི་བ་སྤུ་ཅན་ཁ་ངུ་བ་མིག་ཤི་མིག་ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན་རྐང་ལག་ལྕགས་སྒྲོག་གིས་བསྡམས་པ༔ མིག་ནས་ཁྲག་གི་མཆི་མ་འབེབས་ཤིང་ཁ་ནས་མྱ་ངན་གྱི་འོ་དོད་ཙེ་རེ་རེ་འབོད་པ་ཉམ་ཐག་དབུགས་དང་བྲལ་ལ་ཁད་འདར་ཕྲི་ལི་ལི་བྱེད་པ་ཞིག་ཏུ་གྱུར༔ དེ་ནས་ཕོ་ཉ་འགྱེད་པ་ལ༔ བདག་མདུན་ཡི་དམ་ལྷར་གསལ་བའི་གནས་ཐམས་ཅད་ནས་ཕོ་ཉ་ལྕགས་ཀྱུ་དང་ཞགས་པ་ལྕགས་སྒྲོག་དྲིལ་བུ་མཚོན་ཆ་ཐུན་རྫས་ཐོགས་པ་དཔག་ཏུ་མེད་པ་སྣང་སྲིད་ཀྱི་ཁམས་ཐམས་ཅད་གང་བར་འཕྲོས་པས་གནོད་བྱེད་སྲི་ངན་གྱི་རིགས་སུ་གྱུར་པ་ཐམས་ཅད་ནམ་མཁའ་ནས་བྱིའུ་ཆུང་ཁྲས་དེད་པ་ལྟ་བུ༔ བར་སྣང་ནས་ཤོག་སྐྱ་རླུང་གིས་བསྐྱོད་པ་བཞིན་དང་༔ ས་གཞི་ནས་ཤ་ཁྱིས་རི་དྭགས་དེད་པ་ལྟ་བུར་རང་དབང་མེད་པར་བཀུག་ནས་ལིངྒ་དགྲ་བགེགས་དངོས་སུ་གསལ་བར་ཆུ་ལ་ཆུ་ཐིམ་པ་བཞིན་དུ་གཉིས་སུ་མེད་པར་གྱུར་པར་བསམ་ལ་འགུགས་གཞུག་ནན་དུ་བྱས་མཐར་ཕོ་ཉ་འགྱེད་པ་ནི༔ ཧཱུྃ༔ རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ སྤྲུལ་པས་སྣང་སྲིད་ཁྱབ་པར་མཛོད༔ མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ ཛཿསྲི་ངན་སྟེང་དུ་བྲོས་གབ་ན༔ ལས་མཁན་ཁྱུང་གི་མགོ་ཅན་གྱིས༔ ནམ་མཁའི་ཁམས་ནས་ཁུག་ལ་ཤོག༔ རྫ་བྲག་རི་ལ་བྲོས་གབ་ན༔ ལས་མཁན་དྲེད་ཀྱི་མགོ་ཅན་གྱིས༔ རྫ་བྲག་རི་ནས་ཁུག་ལ་ཤོག༔ ཤིང་ནགས་ཚལ་དུ་བྲོས་གབ་ན༔ ལས་མཁན་སྟག་གི་མགོ་ཅན་གྱིས༔ ནགས་ཚལ་ཁྲོད་ནས་ཁུག་ལ་ཤོག༔ ཆུ་མཚོའི་ཀློང་དུ་བྲོས་གབ་ན༔ ལས་མཁན་ཆུ་སྲིན་མགོ་ཅན་གྱིས༔ མཚོ་ཆུའི་ཀློང་ནས་ཁུག་ལ་ཤོག༔ སྦྲ་ཁང་ཁྱིམ་ལ་བྲོས་གབ་ན༔ ལས་མཁན་བྱི་ལའི་མགོ་ཅན་གྱིས༔ ཁྱིམ་གྱི་རིགས་ནས་ཁུག་ལ་ཤོག༔ ཀ་ཆའི་ནང་དུ་བྲོས་གབ་ན༔ ཕོ་ཉ་དོམ་གྱི་མགོ་ཅན་གྱིས༔ ཀ་ཆའི་ཁྲོད་ནས་ཁུག་ལ་ཤོག༔ རིན་ཆེན་རིགས་དང་རྫས་ཀྱི་རིགས༔ གང་ལའང་བྲོས་ཤིང་གབ་སྲིད་ན༔ ཕོ་ཉ་གཟིག་གི་མགོ་ཅན་གྱིས༔ གབ་ཡུལ་དེ་ནས་ཁུག་ལ་ཤོག༔ རྟ་ཕྱུགས་རིགས་ལ་བྲོས་གབ་ན༔ ཕོ་ཉ་འཕར་སྤྱང་མགོ་ཅན་གྱིས༔ བྲོས་གབ་ཡུལ་ནས་ཁུག་ལ་ཤོག༔ བཟའ་བཏུང་རིགས་ལ་གབ་སྲིད་ན༔ ཕོ་ཉ་ཁྱི་ཡི་མགོ་ཅན་གྱིས༔ བྲོས་ཡུལ་དེ་ནས་ཁུག་ལ་ཤོག༔ མལ་དང་གོས་སྟན་འོག་ལ་སོགས༔ གང་དང་གང་དུ་བྲོས་གྱུར་ཀྱང་༔ ཕོ་ཉ་དྲག་ཤུལ་སྟོབས་རྩལ་ཅན༔ སྣ་ཚོགས་གཟུགས་དང་ཆོ་འཕྲུལ་གྱིས༔ རང་དབང་མེད་པར་ཁུག་ལ་ཤོག༔ མདོར་ན་གནོད་ཅིང་འཚེ་བའི་རིགས༔ སྲི་ངན་ཐམས་ཅད་ཁུག་ལ་ཤོག༔ ཤོག་སྐྱ་རླུང་གིས་བསྐྱོད་པ་བཞིན༔ ནམ་མཁའི་ཁམས་ནས་ཁུག་ལ་ཤོག༔ བྱིའུ་ཆུང་ཁྲ་ཡིས་དེད་པ་བཞིན༔ བར་སྣང་ཁམས་ནས་ཁུག་ལ་ཤོག༔ ཤ་ཁྱིས་རི་དྭགས་དེད་པ་ལྟར༔ ས་གཞིའི་ངོས་ནས་ཁུག་ལ་ཤོག༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས༔ ཞགས་པ་ཅན་གྱིས་སྐེ་ནས་ཆིངས༔ ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམ༔ དྲིལ་བུས་དྲན་པ་མྱོས་སུ་ཆུག༔ མཚོན་ཐོགས་ཚོགས་ཀྱིས་རྡེག་གྱིན་ཤོག༔ མུན་པ་ནག་པོས་སྔོན་ནས་བསུས༔ ལས་རླུང་དྲག་པོས་རྒྱབ་ནས་དེད༔ རང་དབང་མེད་པར་འདིར་ཁུག་ལ༔ ལས་ཀྱི་ལིངྒ་འདི་ལ་ཕོབ༔ གཉིས་སུ་མེད་པར་བསྟིམ་མཛོད་ཅིག༔ མངགས་པའི་ཕོ་ཉ་བང་མ་བུལ༔ འཛིན་བྱེད་ལས་མཁན་ལག་མ་རྡུམ༔ དྲེགས་པའི་འཁོར་ཚོགས་སྟོབས་མ་ཞན༔ ལྷ་དང་སྲུང་མ་མཐུ་མ་ཆུང་༔ དམ་ཚིག་གཉན་ལ་མ་འདའ་བར༔ བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད༔ དེ་ནས་བླ་འགུགས་བྱ་བ་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་སྲས་དང་བཅས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ དཀྱིལ་འཁོར་ལྷ་ཚོགས་སྲུང་མར་བཅས༔ བསྐུལ་ལོ་ཐུགས༴བཞེངས་ཤིག་ཆོས༴སྤྲུལ་པ་འགྱེད༴བླ་འགུགས་སྤྲུལ་པའི་ཕོ་ཉ་ནི༔ གསེར་གྱི་སྟག་དང་ལྕགས་ཀྱི་དོམ༔ ལྕགས་སྤྱང་བྱུ་རུའི་ཁྱི་མོ་དང་༔ ཁྱུང་ཆེན་གསེར་འཕར་ཟངས་དྲེད་སོགས༔ བླ་འགུགས་ཕོ་ཉ་འགྱེད་དུ་གསོལ༔ དགྲ་བགེགས་སྲི་ངན་གནོད་བྱེད་ཀྱིས༔ བླ་ཚེ་འཁྱམས་པའི་དུས་དྲུག་ཏུ༔ བླ་རྟགས་མི་ཤ་རྒོ་བ་ལུག༔ ར་ཁྱི་བྱ་གླ་བོང་བུ་སོགས༔ གང་ལ་བརྫུས་ཀྱང་དེའི་གཤེད་དུ༔ སྤྲུལ་ནས་རང་དབང་མེད་པ་རུ༔ གང་ན་གནས་ཀྱང་ཁུག་ལ་ཤོག༔ ལས་ཀྱི་ལིངྒ་འདི་ལ་ཕོབ༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ རྩ་སྔགས་མཐར༔ ཛཿཧཱུྃ་བཾ་ཧོཿགནོད་བྱེད་སྲི་ངན་རྣམས་ཀྱི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུལ་ཐུལ༔ མྱོག་མྱོག༔ ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོག༔ ལིང་ཤག༔ ལིང་ཐུམ༔ ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿཞེས་བླ་འགུགས་སྔགས་དུས་དྲུག་ལ་མང་དུ་བཟླ་ཞིང་དམིགས་པ་བྱ༔ དེ་ནས་བཀུག་པར་བྱེད་པའི་ལས་ནི༔ ཛ་ཛཿཐམས་ཅད་འགུགས་བྱེད་ལྕགས་ཀྱུ་མས༔ སྟོང་གསུམ་གང་བའི་ཕོ་ཉ་འགྱེད༔ དགྲ་བགེགས་བླ་ཚེ་སྲོག་གསུམ་ཀུན༔ ལྕགས་ཀྱུས་ཟུངས་ལ་མྱུར་དུ་ཁུག༔ མྱུར་དུ་ཁུག་ལ་ལིང་གར་ཕོབ༔ ནྲྀ་ཏྲིཿབཛྲ་ཨཾ་ཀུ་ཤ་ཛ་ཛཿདེ་ནས་འཆིང་བར་བྱ་བའི་ལས་ནི༔ ཧཱུྃ་ཧཱུྃ༔ ཐམས་ཅད་འཆིང་བྱེད་ཞགས་པ་མའི༔ སྤྲུལ་པས་སྣང་སྲིད་ཁེངས་པར་མཛོད༔ དགྲ་བགེགས་བླ་ཚེ་སྲོག་གསུམ་ཀུན༔ ཞགས་པས་ཆིངས་ལ་མྱུར་དུ་ཁུག༔ ལས་ཀྱི་ལིངྒ་འདི་ལ་ཕོབ༔ ནྲྀ་ཏྲིཿབཛྲ་པཱ་ཤ་ཧཱུྃ༔ དེ་ནས་རྨོངས་པར་བྱེད་པའི་ལས་ནི༔ བཾ་བཾ༔ ཐམས་ཅད་སྡོམ་བྱེད་ལྕགས་སྒྲོག་མའི༔ སྤྲུལ་པས་སྣང་སྲིད་ཁྱབ་མཛོད་ལ༔ དགྲ་བགེགས་བླ་ཚེ་སྲོག་གསུམ་ཀུན༔ ལྕགས་སྒྲོག་འབར་བས་སྡོམ་ལ་ཤོག༔ ལས་ཀྱི་ལིངྒ་འདི་ལ་ཕོབ༔ ནྲྀ་ཏྲིཿབཛྲ་སྥོ་ཊ་བཾ༔ དེ་ནས་མྱོས་པར་བྱེད་པ་ལ༔ ཧོ་ཧོཿཐམས་ཅད་མྱོས་བྱེད་དྲིལ་བུ་མའི༔ སྤྲུལ་པས་སྣང་སྲིད་གང་བར་མཛོད༔ དགྲ་བགེགས་བླ་ཚེ་སྲོག་གསུམ་ཀུན༔ དྲིལ་བུའི་ཕྱག་རྒྱས་དྲན་མེད་མྱོས༔ ལས་ཀྱི་ལིང་ག་འདི་ལ་ཕོབ༔ ནྲྀ་ཏྲིཿཀརྨ་གྷཎྜེ་ཧོཿདེ་ནས་ལྷ་དབྱེ་བ་ལ༔ སྐད་ཅིག་གིས་སྒྲོ་གཉིས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ ཨོཾ་སྭ་བྷཱ་ཝ༴སྟོང་པའི་ངང་ལས་ཕྲ་མེན་མ་བྱ་རོག་དང་འུག་པའི་གདོང་ཅན་གཉིས་མི་ཡི་ལུས་ལ་བྱ་སྤུ་དང་སྒྲོ་གཤོག་ཅན་སྤུ་གསེབ་ནས་དུག་ཁྲག་ནད་ཀྱི་ཆར་པ་འབེབས་ཤིང་དྲི་ངན་འཐུལ་བ་ཞིག་ཏུ་གྱུར༔ བྲུབ་ཁུང་གི་སྟེང་དུ་འཛིང་འཐབས་བྱས་ཚེ་དགྲ་བགེགས་ཀྱི་ལྷ་སྲུང་ཐམས་ཅད་རང་དབང་མེད་པར་བྲོས་པ་དང་མཉམ་དུ་དེ་འདྲ་དཔག་ཏུ་མེད་པས་དེད་ཅིང་རི་རབ་ཀྱི་ཟོམ་དང་གླིང་བར་མུན་པའི་སྨག་རུམ་དུ་བསྐྲད་ཅིང་དགྲ་བགེགས་མགོན་སྐྱབས་དང་བྲལ་བར་བྱས་ནས་བྱིའུ་ཆུང་མ་དང་བྲལ་བ་ལྟ་བུར་གྱུར༔ སྒྲོས་གཡབ་ཅིང་ལྷྭམ་འབོག་ཁྱི་ལུད་གུ་གུལ་ཡུག་མོའི་དོར་རྟ་སྤོས་ཕྱེ་རྣམས་བསྲེགས་པའི་དུ་བས་བདུག་ཅིང་༔ ཛཿཁ་ཁྭ་མུ་ཁ་སྐུར་བཞེངས་ཤིག༔ ཧུ་ལུ་མུ་ཁ་སྐུར་བཞེངས་ཤིག༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ཉམས་པ་བདུན་ལྡན་དགྲ་བགེགས་རྣམས༔ མགོན་སྐྱབས་བྱེད་པའི་ལྷ་དང་ཕྲོལ༔ ཕུང་བརླག་བྱེད་པའི་འདྲེ་དང་སྤྲོད༔ ཛཿཕྲ་མ་མཁན་ཧུ་ལུ་མུ་ཁ་ཛཿཁ་ཁ་མུ་ཁ་ཛཿཨ་ནྲྀ་ཏྲི་མཱ་ར་ཡ་ཕྱེས་ཕྱེས་ཕྲོལ་ཕྲོལ་ཨུ་ཙ་ཏ་ཡ་ཨུ་ཙ་ཏ་ཡ་ཕཊ་ཕཊ་བྷྱོ༔ དེ་ནས་ཐོད་ངན་ནམ་ཆག་གྲུམ་ཅན་གྱི་སྣོད་དུ་ཡུངས་དཀར་ཡུངས་ནག་ཀེ་མཚེ་ཤངས་མཚེ་ཟངས་ཕྱེ་ལྕགས་ཕྱེ་སོགས་བླུག་སྟེ་དང་པོ་རྫས་ལ་ངར་བླུད་པ་ནི༔ ཨེ་ཛ་བྷྱོ་ཛ་རྦད༔ ཐུན་སྣོད་གྲུ་གསུམ་པའི་ནང་དུ་དུག་རླངས་ནད་རླངས་སྔོ་དམར་འཁྲིགས་པའི་ཀློང་དུ་ཐུན་རྫས་རྣམས་སྲོག་གཅོད་ཀྱི་ཤན་པ་ལག་དམར་ཤ་ལ་རྔམས་ཤིང་ཁྲག་ལ་གདུང་བ་ལག་ན་གསོད་བྱེད་ཀྱི་ཐུན་མཚོན་སྣ་ཚོགས་ཐོགས་པ་བསམ་གྱིས་མི་ཁྱབ་པར་གྱུར༔ རྩ་སྔགས་མཐར༔ སརྦ་ཤ་ཏྲུཾ་མཱ་ར་ཡ་སྲོག་ལ་ཡ་ཡ་བྷྱོ༔ སྙིང་ལ་ཡ་ཡ་བྷྱོ༔ བླ་ལ་ཡ་ཡ་བྷྱོ༔ ཚེ་ལ་ཡ་ཡ་བྷྱོ༔ སྣ་འདྲེན་སྡོང་ཟླ་རྒྱབ་རྟེན་དང་བཅས་པ་ལ་བྷྱོ༔ རྦད་རྦད་ཕཊ༔ ཅེས་བཟླས་ཚེ༔ རྒྱལ་བ་སྲས་དང་བཅས་པའི་མཐུ་སྟོབས་ནུས་པ་ཐམས་ཅད་ཐིམ་པར་བསམ༔ བྷྱོ་ཛཿམ་གཡེལ་ལས་མཁན་ཤན་པའི་ཚོགས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བགེགས་མ་རིག་གཏི་མུག་གནས༔ སྤྱི་བོར་ཐུན་དང་མཚོན་གྱིས་ཐོབ༔ ཀླད་པ་ཞོ་ལྟར་དཀྲུགས་པར་མཛོད༔ སྐྱོབ་བྱེད་ལྷ་སྲུང་བདུད་དུ་ཕོབ༔ སོད་ཅིག་ཐུལ་ཅིག་བརླག་པར་མཛོད༔ རྩ་སྔགས་མཐར༔ དགྲ་བགེགས་གནོད་བྱེད་སརྦ་མཱ་ར་ཡ་རྦད་རྦད་སོད༔ བྷྱོ་ཛཿཉོན་མོངས་འདོད་ཆགས་འཁྲིགས་པའི་གནས༔ མགྲིན་པ་མེ་ཡི་འཁོར་ལོ་རུ༔ ཐུན་མཚོན་ནད་ཀྱི་ཆར་ཕོབ་ལ༔ སྐྱོབ་བྱེད་ལྷ་སྲུང་བདུད་དུ་ཕོབ༔ སོད་ཅིག་ཐུལ་ཅིག་བརླག་པར་མཛོད༔ རྩ་སྔགས་མཐར༔ དགྲ་བགེགས་གནོད་བྱེད་སརྦ་མཱ་ར་ཡ་རྦད་རྦད་སོད༔ བྷྱོ་ཛཿཉོན་མོངས་ཞེ་སྡང་འཁྲིགས་པའི་གནས༔ སྙིང་གར་ནད་མཚོན་ཐུན་གྱི་ཆར༔ ཕོབ་ལ་སྐྱོབ་པའི་ལྷ་དང་ཕྲོལ༔ སོད་ཅིག་ཐུལ་ཅིག་བརླག་པར་མཛོད༔ རྩ་སྔགས་མཐར༔ དགྲ་བགེགས་གནོད་བྱེད་སརྦ་མཱ་ར་ཡ་རྦད་རྦད་སོད༔ བྷྱོ་ཛཿཉོན་མོངས་ང་རྒྱལ་འཁྲིགས་པའི་གནས༔ ལྟེ་བར་ཐུན་མཚོན་ནད་ཀྱི་ཆར༔ ཕོབ་ཅིག་སྐྱོབ་བྱེད་ལྷ་དང་ཕྲོལ༔ སོད་ཅིག་ཐུལ་ཅིག་བརླག་པར་མཛོད༔ རྩ་སྔགས་མཐར༔ དགྲ་བགེགས་གནོད་བྱེད་སརྦ་མཱ་ར་ཡ་རྦད་རྦད་སོད༔ བྷྱོ་ཛཿཉོན་མོངས་ཕྲག་དོག་འཁྲིགས་པའི་གནས༔ གསང་བའི་གནས་སུ་མཚོན་ཐུན་གྱིས༔ ཕོབ་ལ་སྐྱོབ་བྱེད་ལྷ་དང་ཕྲོལ༔ སོད་ཅིག་ཐུལ་ཅིག་བརླག་པར་མཛོད༔ རྩ་སྔགས་མཐར༔ དགྲ་བགེགས་གནོད་བྱེད་སརྦ་མཱ་ར་ཡ་རྦད་རྦད་སོད༔ ཧཱུྃ་བྷྱོ་ཛཿརྩ་གསུམ་ལྷ་ཚོགས་མཐུ་མ་ཆུང་༔ འཛིན་བྱེད་ཕོ་ཉ་བང་མ་བུལ༔ གསོད་བྱེད་ཤན་པ་རྩལ་མ་ཞན༔ སྲོག་བདུད་ལག་དམར་ལག་མ་རྡུམ༔ གདབ་པའི་ཐུན་མཚོན་ངར་མ་ཞན༔ ཞིང་བཅུ་ཚང་བའི་སྲི་བདུད་འདི༔ མེ་སྟག་ཆུ་ཡིས་བསད་ལྟར་ཐོངས༔ མར་མེ་རླུང་གིས་བསད་བཞིན་ཐོངས༔ བ་མོ་ཉི་མས་བསྐམ་ལྟར་ཐོངས༔ བྲག་དམར་ཐོག་གིས་བཤིག་བཞིན་ཐོངས༔ ས་མཁར་སྒྱོག་རྡོས་ཕོག་ལྟར་ཐོངས༔ འབྲུ་དྲུག་སེར་བས་བཅོམ་བཞིན་ཐོངས༔ རྩྭ་སྐམ་མེ་ཡིས་བསྲེགས་ལྟར་ཐོངས༔ བདེ་ཉམས་སྐྱེས་ཏེ་ཞེན་མེད་ངང་༔ བསྐལ་པའི་བར་དུ་བརྒྱལ་དུ་ཆུག༔ རྣམ་པར་རྟོག་པ་མི་སྐྱེ་ཞིང་༔ གནོད་བྱེད་ནུས་པ་མེད་པར་མཛོད༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་དྲག་སྔགས་སྣ་ཚོགས་བརྗོད་ཅིང་ཐུན་ཆར་ཕབ་བོ༔ ཨེ་ཙཀྲ་རྦད་རྦད་ནན༔ རཾ་ཙཀྲ་རྦད་རྦད་ནན༔ བཾ་ཙཀྲ་རྦད་རྦད་ནན༔ སུཾ་ཙཀྲ་རྦད་རྦད་ནན༔ ཡཾ་ཙཀྲ་རྦད་རྦད་ནན༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ནན༔ ཅེས་བརྗོད་པས་དགྲ་བགེགས་ཀྱི་གནས་ལྔ་དང་ལྷུ་ཚིགས་རྣམས་ལ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་སྲ་བརྟན་ལྕི་ཞིང་འཐས་པ་རེ་རེས་རྒྱས་བཏབ་པས་འཕར་ལྡང་གཡོ་འགུལ་མེད་པར་གྱུར༔ རྩ་སྔགས་མཐར༔ སརྦ་ཏྲི་ཛ་ཏྲིག་ནན༔ ནྲྀ་ཏྲི་ནི་ནན༔ མུ་ཏྲི་ནི་ནན༔ ཤནྟྲི་ནི་ནན༔ གནྟྲི་ནི་ནན༔ དམ་སྲི་ནན་ནན་ཆིངས་ཆིངས་རྦད༔ དར་སྲི་ནན་ནན་ཆིངས་ཆིངས་རྦད༔ དུར་སྲི་ནན་ནན་ཆིངས་ཆིངས་རྦད༔ མཚོན་སྲི་ནན༴གྲི་སྲི་ནན༴འགོང་སྲི་ནན༴ཤི་སྲི་ནན༴གཞོན་སྲི་ནན༴ཆུང་སྲི་ནན༴ཆེ་སྲི་ནན༴རྒན་སྲི་ནན༴རྦབ་སྲི་ནན༴འགག་སྲི་ནན༴ཕོ་སྲི་ནན༴མོ་སྲི་ནན༴ལོ་སྲི་ནན༴ཟླ་སྲི་ནན༴ཞག་སྲི་ནན༴ནད་སྲི་ནན༴གོད་སྲི་ནན༴ཕུང་སྲི་ནན༴ཟ་འདྲེ་ཤི་གཤེད་དགྲ་སྲི་གྱོད་སྲི་ཐམས་ཅད་མཱ་ར་ཡ་ཆིངས་ཆིངས་ནན་ནན་རྦད་རྦད་སོད་སོད་བྷྱོ་ཕཊ༔ ཅེས་མང་དུ་བཟླས་མཐར་གནམ་ས་ཁ་སྦྱར་གྱི་དམིགས་པ་ནི༔ རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་དང་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ་དེ་དག་གི་ཐུགས་ཀ་ནས་འོད་ནག་པོ་འཕྲོས་ཏེ་ས་གཞི་ལ་ཕོག་པས་སྟོང་གསུམ་གྱི་ས་གཞི་ཐམས་ཅད་འོད་ནག་པོའི་རང་བཞིན་དུ་གྱུར་ཏེ༔ ཉ་རྒྱས་ཉ་ཚོགས་བསྡུ་བ་བཞིན་དུ་གནོད་བྱེད་དགྲ་བགེགས་ཐམས་ཅད་མ་ལུས་ལུས་པ་མེད་པར་གྱེན་དུ་དྲིལ་ཏེ་འོད་ཀྱི་སྒོ་ང་ནག་པོ་ཞིག་ཏུ་གྱུར་པའི་ནང་དུ་འཐུམ་པ་དང་༔ སྟེང་གི་ནམ་མཁའ་བརྡལ་བའི་འོད་ནག་པོས་ལིངྒ་དང་དགྲ་བགེགས་གཉིས་སུ་མེད་པར་འུབ་ཀྱིས་རྔུབས་ཤིང་དྲིལ་བའི་སྒོ་ང་ནག་པོ་སྒོ་དང་སྲུབ་མེད་པའི་སྦུབས་སུ་བསྐལ་པའི་བར་དུ་དྲན་མེད་དུ་བརྒྱལ་བར་བསམ༔ དེ་ནས་གཏོར་མ་ལ་འགུགས་གཞུག་བྱས་ནས་གཏད་བཅོལ་བྱ་བ་ལ༔ ཧཱུྃ༔ རྩ་གསུམ་དམ་ཅན་སྲུང་མའི་ཚོགས༔ དམར་གཏོར་ཁྲག་སྐྱེམས་འདི་འབུལ་བཞེས༔ ཉམས་པའི་དགྲ་བགེགས་སྡིག་ཅན་འདི༔ ཁྱེད་ལ་གཏད་ཀྱིས་བཞེས་སུ་གསོལ༔ དམ་དུ་ཟུངས་ལ་དྲག་ཏུ་ཆོངས༔ གཏི་མུག་མུན་པའི་འཐུམས་སུ་ཆུག༔ རི་རབ་ལྟ་བུའི་ལྗིད་ཀྱིས་ནོན༔ བཅོལ་ལོ་གཏད་དོ་མ་ཤོར་ཅིག༔ ཐུགས་དམ་མ་གཡེལ་ས་མ་ཡ༔ ཞེས་བརྗོད་ལ་གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ་བ་ནན་དུ་བྱའོ༔ དེ་ནས་ཉིན་ཐ་མ་མནན་པའི་སྐབས་སུ་བབས་པ་དང་༔ ས་མིག་དེར་མནན་དོང་གྲུ་གསུམ་པ་གཏིང་ཟབ་ཅིང་ཡངས་དོག་རན་པར་བརྐོས་ལ༔ དེ་རུ་ཕྱིན་ཏེ་ཐོག་མར་གཏད་པའི་ཡུལ་བསྒོམ་ཞིང་བཅོལ་བ་ནི༔ གསེར་སྐྱེམས་དང་གཏོར་མ་བཤམས་ལ༔ ཧཱུྃ༔ རང་ཉིད་དྲག་པོ་ཧེ་རུ་ཀའི་ཕྱག་གཡས་གནམ་ལྕགས་ཀྱི་ཕུར་པ་ས་ལ་བཏབ་པས་ས་གཞི་གས་ཏེ་རྒྱ་མཚོ་ཆུ་ཡི་དཀྱིལ་འཁོར་སྔོ་མེར་གྱིས་རྡོལ་བའི་ཀློང་དུ༔ གནམ་ལྕགས་ཁང་སྒྲོམ་ནག་པོ་རབ་ཡངས་ནང་༔ འཆི་བདག་གཤིན་རྗེ་ནག་པོ་ཁྲོ་གཏུམ་འཇིགས༔ ལག་གཡས་ཐོ་བ་གཡོན་པས་ཞགས་པ་ཐོགས༔ མ་ཧེ་སྔོ་ནག་རུ་རིང་ལ་ཆིབས་ཤིང་༔ གཤིན་རྗེའི་འཁོར་ཚོགས་འབུམ་གྱིས་བསྐོར་བར་བསམ༔ སྣང་སྲིད་ཁམས་རྣམས་ཀུན་ནས་སྤྱན་དྲངས་བསྟིམ༔ ཀཱ་ལ་རཱུ་པ་ཙ་མུནྟྲི་ས་མ་ཡ་ཛ་ཛ་སྟྭཾ༔ དེ་ནས་གཏོར་མ་ལ་འགུགས་གཞུག་ལན་གསུམ་གྱི་མཐར༔ ཤ་རི་ཁྲག་གི་རྒྱ་མཚོར་གྱུར་པར་བསམ་ལ༔ ཀྱཻ༔ འཆི་བདག་གཤིན་རྗེ་གདུག་པ་ཅན༔ འཁོར་དང་བཅས་པ་ཐམས་ཅད་ལ༔ དགྲ་བགེགས་ཤ་ཁྲག་དམར་གཏོར་འབུལ༔ བཞེས་ནས་སྡོམ་འཛིན་མནན་འཆིང་བའི༔ ཕྲིན་ལས་མྱུར་དུ་གྲུབ་པར་མཛོད༔ ཅེས་བརྗོད་གཏོར་མ་འབུལ༔ སྐབས་འདིར་གསེར་སྐྱེམས་གཟུ་དཔང་རྟེན་བསྐྱེད་འགུགས་གཞུག་སོགས་གོང་བཞིན་བྱས་ལ་མཐར༔ ཛཿཕུང་སྲི་ནག་པོ་ལས་ངན་འདིས༔ རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས༔ རྡོ་རྗེའི་མཆེད་ལ་བར་ཆད་བྱས༔ རྣལ་འབྱོར་བདག་ལ་རྟག་ཏུ་འཚེ༔ སྦྱོར་སྒྲོལ་མང་པོའི་སྒོ་ཡང་བཀག༔ རྒྱལ་ཁམས་ཡོངས་ལ་བར་མེད་འཚེ༔ བཀའ་འདས་དམ་ཉམས་ལས་ངན་འདི༔ བྱམས་མགོན་བསྟན་པ་མ་བྱུང་བར༔ ནམ་ཡང་བཏང་བར་མ་བྱེད་ཅིག༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ ང་ཡི་ཡིད་ལ་བརྣག་པ་ཡི༔ སྲི་ངན་འདི་དག་ཁྱོད་ཞལ་བསྟབ༔ ལྟོ་བ་མུན་པ་དགུ་རུམ་དུ༔ བྲུབ་བོ་མ་ཤོར་བཙོན་དུ་ཟུངས༔ གཏད་དོ་འཇིགས་བྱེད་ཁྱོད་ལ་གཏད༔ བྱང་ཆུབ་བར་དུ་མ་བཏང་རྒྱ༔ ཡ་མ་རཱ་ཙ་ཀཱ་ལ་རཱུ་པ་ཙ་མུནྟྲི་གནོད་བྱེད་སྲི་ངན་ཐམས་ཅད་མཱ་ར་ཡ་རྦད་ནན་སོད༔ ཅེས་ལིངྒ་དགྲ་བགེགས་ཐམས་ཅད་འདུས་པའི་ངོ་བོར་གསལ་ལ་འཆི་བདག་ནག་པོའི་ཞལ་དུ་བསྟབས་པས་ཁྱི་ལྟོག་གིས་ཤ་ཟན་ལ་རོལ་པ་ལྟར་ཁྱུར་མིད་དུ་བཏང་སྟེ་ལྟོ་བ་མུན་ནག་སྟུག་པོའི་ནང་དུ་འཐུམ་པས་དྲན་མེད་དུ་བརྒྱལ་ཏེ་གཤིན་རྗེ་ནག་པོ་འཁོར་དང་བཅས་པ་ཐམས་ཅད་ས་རིམ་པ་དགུ་ཡི་འོག་འཆི་བདག་གཤིན་རྗེའི་གྲོང་ཁྱེར་དུ་སོང་སྟེ་ཁ་བསྡམ་པར་བསམ༔ ས་གཞི་གས་པའང་ཐགས་ཀྱིས་རུབ་པའི་སྟེང་དུ་ནམ་མཁའ་རླུང་མེ་ཆུ་ས་རི་རབ་ཀྱི་སྟེང་དུ་ཁྲོ་རྒྱལ་སྟོབས་པོ་ཆེའི་ཕོ་བྲང་བཏབ་པར་བསམ་ཞིང་༔ དེ་ནས་རྒྱས་གདབ་པ་ནི༔ ཧཱུྃ༔ ཞིང་བཅུ་ཚང་བའི་དགྲ་བགེགས་འདི༔ རླུང་རི་ནག་པོའི་འོག་ཏུ་མནན༔ བསྐལ་པ་རླུང་གིས་མ་ཞིག་བར༔ བྲོས་ཐར་འཕར་ལྡང་མེད་པ་རུ༔ དོན་ཡོད་གྲུབ་པའི་དགོངས་རྒྱས་ཐོབ༔ ཧཱུྃ༔ ཞིང་བཅུ་ཚང་བའི་དགྲ་བགེགས་འདི༔ མེ་དཔུང་འབར་བའི་ཀློང་དུ་བསྲེགས༔ བསྐལ་པ་མེ་ཡིས་མ་ཞིག་བར༔ བྲོས་ཐར་འཕར་ལྡང་མེད་པ་རུ༔ སྣང་བ་མཐའ་ཡས་དགོངས་རྒྱས་ཐོབ༔ ཧཱུྃ༔ ཞིང་བཅུ་ཚང་བའི་དགྲ་བགེགས་འདི༔ རྒྱ་མཚོ་ཆེན་པོའི་གཏིང་དུ་བསྐྱུར༔ བསྐལ་པ་ཆུ་ཡིས་མ་ཞིག་བར༔ བྲོས་ཐར་འཕར་ལྡང་མེད་པ་རུ༔ རྡོ་རྗེ་སེམས་དཔའི་དགོངས་རྒྱས་ཐོབ༔ ཧཱུྃ༔ ཞིང་བཅུ་ཚང་བའི་དགྲ་བགེགས་འདི༔ རི་རབ་ཆེན་པོའི་འོག་ཏུ་མནན༔ ས་ཡི་བསྐལ་པ་མ་ཞིག་བར༔ བྲོས་ཐར་འཕར་ལྡང་མེད་པ་རུ༔ རིན་ཆེན་འབྱུང་ལྡན་དགོངས་རྒྱས་ཐོབ༔ སུཾ་རཾ་ཁཾ་ཡཾ་ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད་ནན༔ ཞེས་བརྗོད་ཅིང་སླར་ཡང་༔ ཧཱུྃ༔ མ་ཧཱ་བཱ་ལ་སྟོབས་པོ་ཆེ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག༔ ཉམས་པ་བདུན་ལྡན་སྲི་ངན་འདི༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ ཁྱོད་ལ་གཏད་དོ་མ་བཏང་ཞིག༔ མནན་པ་ཡིན་ནོ་སླར་མ་ལྡང་༔ བཅོམ་ལྡན་བདེ་གཤེགས་རིགས་ལྔའི་རྒྱ༔ དཔལ་ཆེན་ཧེ་རུ་ཀ་ཡི་རྒྱ༔ ཐེག་པ་རིམ་པ་དགུ་ཡི་རྒྱ༔ ཨོཾ་ལཾ༔ ཨཱ་ལཾ༔ ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན༔ མཱ་ར་ཡ་ནན་ནན༔ སྟེང་དུ་བྲོ་བརྡུང་མཆོད་རྟེན་བཞག་ལ་ས་ཡིས་བཀབ༔ དེ་སྟེང་གཏོར་གཞོང་ཁ་སྦུབས༔ སླར་ཡང་བྲོ་རྒྱས་བཏབ་པས་རྫོགས་པའོ༔ བན་བོན་གཏོ་ཡི་ཕྱག་རྒྱས་མནན༔ བསྐྱེད་དང་རྫོགས་པའི་གནད་ལྡན་ན༔ འདི་ཡིས་མི་ནོན་གང་ཡང་མེད༔ རིག་འཛིན་བླ་མས་དགོངས་རྒྱས་བཏབ༔ མ་དང་མཁའ་འགྲོས་ཀློང་རྒྱས་བཏབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདིའང་རིགས་སྲས་མཁྱེན་བརྩེའི་མྱུ་གུ་ཞེས་བྱ་བས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་ཞིང་དག་པར་ཕབ་པའོ།།དགེའོ།།དགེའོ།།དགེའོ།།།།