TTDL-ZABTER-14-PHA-022
TTDL-ZABTER-14-PHA-022
བརྡ་ཡིག་༠༠༠༠༠༢༠༩༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྒྲུབ་པའི་ཆ་ལག་ནང་སྒོ་དབྱེ་བ་རྡོ་རྗེ་གསང་བའི་གོ་འབྱེད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ སྒྲུབ་པའི་ནང་སྒོ་དབྱེ་བ་ལ༔ ཕུད་རྒོད་བཤམས་ཏེ་ཡེ་ཤེས་ཀྱི༔ བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས༔ ཛཿརྡོ་རྗེ་རིགས་ཀྱི་ཕྱག་རྒྱ་མོ༔ སྙིང་རྗེ་ཚད་མེད་ལྕགས་ཀྱུ་མས༔ མེ་ལོང་ཡེ་ཤེས་ཤར་སྒོ་ཕྱེ༔ སྡུག་བསྔལ་བག་ཆགས་ཞི་བ་དང་༔ རྡོ་རྗེ་རིགས་ཀྱི་དངོས་གྲུབ་སྩོལ༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་ཕྱག་རྒྱ་མོ༔ བྱམས་པའི་སྒོ་མ་ཞགས་པ་མས༔ མཉམ་ཉིད་ཡེ་ཤེས་ལྷོ་སྒོ་ཕྱེ༔ ཚེ་བསོད་ཡེ་ཤེས་ཡོན་ཏན་དཔལ༔ རིན་ཆེན་རིགས་ཀྱི་དངོས་གྲུབ་སྩོལ༔ རཏྣ་པྲ་ཝེ་ཤ་ཡ་ཕཊ༔ བཾ༔ པདྨ་རིགས་ཀྱི་ཕྱག་རྒྱ་མོ༔ དགའ་བའི་སྒོ་མ་ལྕགས་སྒྲོག་མས༔ སོར་རྟོག་ཡེ་ཤེས་ནུབ་སྒོ་ཕྱེ༔ ཁམས་གསུམ་དབང་དུ་སྡུད་པ་དང་༔ པདྨ་རིགས་ཀྱི་དངོས་གྲུབ་སྩོལ༔ པདྨ་པྲ་ཝེ་ཤ་ཡ་ཕཊ༔ ཧོཿལས་ཀྱི་རིགས་ཀྱི་ཕྱག་རྒྱ་མོ༔ བཏང་སྙོམས་སྒོ་མ་དྲིལ་བུ་མས༔ བྱ་གྲུབ་ཡེ་ཤེས་བྱང་སྒོ་ཕྱེ༔ དགྲ་བགེགས་མ་ལུས་ཚར་གཅོད་ཅིང་༔ ལས་ཀྱི་རིགས་ཀྱི་དངོས་གྲུབ་སྩོལ༔ ཀརྨ་པྲ་ཝེ་ཤ་ཡ་ཕཊ༔ ཧོཿཡེ་ཤེས་སྒོ་མ་ཁྱེད་རྣམས་ཀྱིས༔ ལྷ་རྣམས་བདག་གི་མོས་ངོར་དུ༔ གནས་སྤོར་དངོས་གྲུབ་ཞུ་བསྐུལ་མཛོད༔ གཏོར་མ་ལས་ཀྱི་མཚོན་ཆ་རུ༔ བསྒྱུར་ཏེ་དགྲ་བགེགས་སྲོག་ལ་ཕོབ༔ ཟག་མེད་ཡེ་ཤེས་བདུད་རྩིར་རོལ༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདིའང་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་ཆེ་མཆོག་ཅེས་བྱ་བས་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།།།