TTDL-ZABTER-14-PHA-028

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-028

བརྡ་ཡིག་༠༠༠༠༠༢༣༣༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྨོན་ལམ་རྣམ་དག་ཐར་པའི་ལམ་བཟང་བཞུགས༔ འདི་དང་འཕྲད་པའི་སྐྱེས་བུ་ཡིས༔ མདུན་གྱི་ནམ་མཁར་པད་ཟླའི་སྟེང་༔ བཅོམ་ལྡན་ཤཱཀྱ་ཐུབ་པ་ལ༔ རྣམ་འདྲེན་སངས་རྒྱས་སྟོང་རྩ་དང་༔ བྱང་སེམས་འཕགས་པའི་དགེ་འདུན་གྱིས༔ བསྐོར་ཏེ་ཐུགས་བརྩེ་ཐུགས་རྗེ་ཡིས༔ སྨོན་ལམ་འགྲུབ་པའི་དཔང་པོ་རུ༔ འཇའ་ལུས་སྒྱུ་མའི་ཕུང་པོར་གསལ༔ ན་མོ༔ ཕྱོགས་བཅུའི་དུས་གསུམ་གྱི་བདེ་བར་གཤེགས་པ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་བདག་ལ་ཞལ་གྱིས་ཕྱོགས༔ སྤྱན་གྱིས་གཟིགས༔ ཐུགས་བརྩེ་བའི་སྙིང་རྗེ་ཆེན་པོའི་སྒོ་ནས་བདག་གི་སྨོན་ལམ་འགྲུབ་པའི་དཔང་པོ་རུ་བཞུགས་པར་འཚལ་ལོ༔ ན་མོ༔ སྐྱབས་གནས་དམ་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་སྐུ་གསུམ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་བདེན་པ་ཆེན་པོའི་མཐུ་དང་བྱིན་རླབས་ཀྱིས༔ ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་དམ་པར་གྱུར་པ་སངས་རྒྱས་ཆོས་དང་དགེ་འདུན༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་བདག་གི་རྒྱུད་ལ་ད་ལྟ་སྐད་ཅིག་ཉིད་དུ་འཕོ་བར་གྱུར་ཅིག༔ རྒྱ་གར་གྱི་རིག་འཛིན་ཆེན་པོ་བརྒྱད་དང་གྲུབ་ཆེན་བརྒྱད་ཅུ༔ བོད་ཀྱི་རྗེ་འབངས་ཉེར་ལྔ༔ གཏེར་སྟོན་བརྒྱ་དང་རྩ་བརྒྱད༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད༔ ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་རྟེན་དང་བརྟེན་པ་ཐམས་ཅད་དང་༔ ཤེས་རབ་རྒྱ་ཆེ་བ་འཕགས་པ་འཇམ་དཔལ་དབྱངས་དང་༔ ཐུགས་རྗེ་རྒྱ་ཆེ་བ་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་དང་༔ མཐུ་སྟོབས་རྒྱ་ཆེ་བ་དཔལ་གསང་བདག་ཕྱག་ན་རྡོ་རྗེ་དང་༔ མཁྱེན་བརྩེ་མཛད་ཕྲིན་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཨོ་རྒྱན་པདྨ་འབྱུང་གནས་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་བདག་གི་རྒྱུད་ལ་ད་ལྟ་ཉིད་དུ་ཐིམ་པར་གྱུར་ཅིག༔ འཕོ་བར་གྱུར་ཅིག༔ ཡོངས་སུ་རྫོགས་ཏེ་རབ་ཏུ་གནས་ཤིང་རྒྱུད་ལ་བརྟན་པར་གྱུར་ཅིག༔ ནད་གདོན་སྡིག་སྒྲིབ་ལས་ཉོན་བག་ཆགས་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་བྱང་ཞིང་དག་པར་གྱུར་ཅིག༔ བློ་ལྡོག་རྣམ་པ་བཞིའི་དོན་དང་ངང་ཚུལ་རྒྱུད་ལ་ངམ་ངམ་ཤུགས་ཀྱིས་སྐྱེས་ཏེ་བློ་སྣ་དམ་པའི་ཆོས་ལ་འགྱུར་བར་ཤོག་ཅིག༔ ཆོས་མ་ཡིན་པའི་སྡིག་སེམས་སྐད་ཅིག་མ་ཙམ་ཡང་རྒྱུད་ལ་མི་སྐྱེ་བར་གྱུར་ཅིག༔ བསྐྱེད་པ་མ་ཧཱ་ཡོ་གའི་སྒོར་ཞུགས་ཏེ་ཉམས་སུ་བླངས་པ་ཙམ་གྱིས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་འཕོས་ཤིང་སྨིན་ཏེ་གྲོལ་བར་གྱུར་ཅིག༔ ལུང་ཨ་ནུ་ཡོ་གའི་སྒོར་ཞུགས་ཏེ་ཉམས་སུ་བླངས་པ་ཙམ་གྱིས་རྩ་རླུང་ཐིག་ལེ་སྐུ་གསུམ་གྱི་རོལ་པར་འཕོས་ཏེ་སྨིན་ཅིང་གྲོལ་བར་གྱུར་ཅིག༔ གཞི་ཁྲེགས་ཆོད་ཀྱི་གདམས་པ་ཉམས་སུ་བླངས་པ་ཙམ་གྱིས་འཁོར་འདས་སྟོང་ཉིད་ཆེན་པོ་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་མཐོང་ཞིང་མངོན་དུ་གྱུར་ཏེ་ཀ་དག་རྫོགས་པ་ཆེན་པོའི་དབྱིངས་སུ་སད་ནས་སངས་རྒྱས་པར་གྱུར་ཅིག༔ ངོ་ཤེས་ཏེ་གདིང་ཐོབ་པར་གྱུར་ཅིག༔ གཞི་ཁྲེགས་ཆོད་ཀྱི་ལྟ་སྒོམ་སྤྱོད་པ་ཕྱིན་ཅི་མ་ལོག་ཅིང་ཚང་ལ་མ་ནོར་བའི་ལམ་ལ་གཞི་བྱས་ཏེ༔ ལམ་ཐོད་རྒལ་གྱི་གདམས་པའི་སྒོར་འཇུག་པའི་བློ་སྟོབས་དབང་ཐམས་ཅད་དང་ལྡན་པར་གྱུར་ཅིག༔ ཐེག་པ་དེའི་སྒོར་ཞུགས་ཏེ་ཉམས་སུ་བླངས་པ་ཙམ་གྱིས་སྣང་བ་བཞིའི་ཉམས་རྟོགས་རྟགས་དང་ཡོན་ཏན་ཚང་ལ་མ་ནོར་བ་རིམ་པ་བཞིན་བདག་གི་རྒྱུད་ལ་སྐྱེས་ཏེ་སྨིན་ཅིང་གྲོལ་བ་ཐོབ་ནས་མཐར་ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་དབྱིངས་སུ་ཟད་དེ་གཞོན་ནུ་བུམ་སྐུ་རུ་སངས་རྒྱས་པ་རིག་འཛིན་དགྱེས་པ་རྡོ་རྗེ་དང་ཤྲཱི་སེང་ཧ་ལྟ་བུར་འགྱུར་བར་ཤོག་ཅིག༔ ༈དེ་ལྟར་གྲོལ་བའི་ལས་སྐལ་ཞན་ན་ཡང་༔ ཡེ་ཤེས་མཚོ་རྒྱལ་ཡོན་ཏན་མགོན་པོ་བཞིན༔ ཁྱབ་བདག་འཁོར་ལོའི་མགོན་པོ་པད་འབྱུང་གིས༔ མངོན་སུམ་ལག་པའི་སོར་མོ་ནས་བཟུང་སྟེ༔ དཔལ་རི་པདྨ་འོད་དུ་དྲོངས་པར་ཤོག༔ གང་གིས་བདག་ལས་ལེགས་བཤད་ཐོས་པ་དང་༔ མཐོང་ཐོས་དྲན་རེག་གཏམ་གྱིས་འབྲེལ་བ་ཚུན༔ སྒྲིབ་པ་ཀུན་བྱང་འཁོར་བའི་སྒོ་ཁེགས་ཏེ༔ བདེ་ཆེན་པདྨ་བཀོད་དུ་སངས་རྒྱས་ཤོག༔ དེ་ནས་སྨོན་ལམ་འགྲུབ་པའི་བདེན་ཚིག་འདི་དག་བརྗོད༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ འཇམ་པའི་དབྱངས་ཀྱི་ཤེས་རབ་དང་༔ སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་༔ ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་༔ སངས་རྒྱས་སྟོང་གི་ཐུགས་བསྐྱེད་ཀྱིས༔ སྨོན་ལམ་བཏབ་པ་དེ་རྣམས་འགྲུབ་གྱུར་ཅིག༔ ལན་བདུན༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ པཉྩ་གྲི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ༔ ལན་བདུན༔ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལྷ་དང་དྲང་སྲོང་རིག་པ་འཛིན་པ་སྨོན་ལམ་ལ་མངའ་བརྙེས་ཤིང་བདེན་ཚིག་གྲུབ་པ་རྣམས་ཀྱི་བདེན་པས་བདག་གིས་སྨོན་ལམ་བཏབ་པ་དེ་དག་སྐད་ཅིག་ད་ལྟ་ཉིད་དུ་འགྲུབ་པར་ཤོག་ཅིག༔ ཡེ་དྷརྨ་སོགས༔ ལན་བདུན༔ དཀོན་མཆོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག༔ དེ་ལྟར་ཚང་བར་མ་རྫོགས་བར༔ མི་ཚིག་གཞན་གྱིས་བར་མི་གཅོད༔ ཉིན་བཞིན་ཆགས་མེད་ཁ་འདོན་ན༔ སྐྱེ་བ་གསུམ་ལས་མི་འགྱང་བར༔ འཚང་རྒྱ་བ་ལ་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཉིད་ཨ་སྤོ་གདོང་གི་རྣལ་འབྱོར་རིག་ལྡན་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།