TTDL-ZABTER-14-PHA-030
TTDL-ZABTER-14-PHA-030
བརྡ་ཡིག་༠༠༠༠༠༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྨོན་ལམ་རྣམ་དག་བདུད་རྩིའི་ཐིག་པ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༢༤༥༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་པའི་བདེན་པ་དང་༔ ཀུན་རྫོབ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུས༔ ཕྱོགས་བཅུ་དུས་གསུམ་གྱི་བླ་མ་བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་བདག་གི་རྒྱུད་ལ་ད་ལྟ་ཉིད་དུ་འཕོ་བར་གྱུར་ཅིག༔ བདག་གི་རྒྱུད་སྨིན་ཅིང་གྲོལ་ནས་ཐར་པ་དང་རྣམ་མཁྱེན་གྱི་ལམ་དུ་ཚུད་པར་གྱུར་ཅིག༔ བསྐྱེད་པ་མ་ཧཱ་ཡོ་གའི་གདམས་པ་ཉམས་སུ་བླངས་པ་ཙམ་གྱིས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ་འཕོས་ཤིང་སྨིན་ཏེ་གྲོལ་བར་གྱུར་ཅིག༔ ལུང་ཨ་ནུ་ཡོ་གའི་སྒོར་ཞུགས་ཏེ་ཉམས་སུ་བླངས་པ་ཙམ་གྱིས་རྩ་ཐིག་རླུང་གསུམ་ཐམས་ཅད་སྐུ་གསུམ་ཡེ་ཤེས་ཀྱི་དབྱིངས་སུ་དག་ཅིང་སྨིན་ཏེ་གྲོལ་བར་གྱུར་ཅིག༔ གཞི་ཁྲེགས་ཆོད་ཀྱི་སྒོར་ཞུགས་ཏེ་ཉམས་སུ་བླངས་པ་ཙམ་གྱིས་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་དང་བདེན་པ་མངོན་སུམ་དུ་མཐོང་ཞིང་རྟོགས་པར་གྱུར་ཅིག༔ རྟོགས་ནས་གདེང་ཐོག་ཏུ་གྲོལ་བ་ཐོབ་པར་གྱུར་ཅིག༔ མྱུར་ལམ་འཕོ་བ་ཆེན་པོའི་སྒོར་ཞུགས་ཏེ་ལམ་ཉམས་སུ་བླངས་པ་ཙམ་གྱིས་ཐོད་རྒལ་སྣང་བ་བཞིའི་ཉམས་རྟོགས་དང་ལམ་རྟགས་ཡོན་ཏན་ཐམས་ཅད་ཚངས་ལ་མ་ནོར་ཞིང་ཕྱིན་ཅི་མ་ལོག་པ་རིང་པོར་མི་ཐོགས་པར་མྱུར་བ་ཉིད་དུ་བདག་གི་རྒྱུད་ལ་སྐྱེས་ཤིང་སྨིན་པར་གྱུར་ཅིག༔ དེར་ཡང་གོལ་ཤོར་ནོར་གསུམ་གྱི་དབང་དུ་མི་འགྱུར་ཞིང་ས་ལམ་མཐར་ཕྱིན་ཏེ་ཚེ་ལུས་འདི་ཉིད་དུ་ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་དབྱིངས་སུ་ཟད་ནས་གཞོན་ནུ་བུམ་པའི་སྐུ་རུ་གྲོལ་ཏེ་འཇའ་ལུས་འཕོ་བ་ཆེན་པོར་སངས་མངོན་སུམ་དུ་རྒྱ་བར་གྱུར་ཅིག༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་ཏེ་སྐུ་གསུམ་ལྷུན་གྲུབ་ཀྱི་ས་ལ་སྒྲོལ་བར་གྱུར་ཅིག༔ དེ་ལྟར་སྨོན་ལམ་རྣམ་དག་བཏབ་པའི་ཚེ༔ མི་ཚིག་གཞན་གྱིས་ལྷད་མི་འཇུག་པ་གནད༔ བདེན་པའི་སྟོབས་དང་འགྲུབ་སྔགས་ཅི་མང་བརྗོད༔ གནད་དེས་རིམ་བཞིན་རྣམ་མཁྱེན་ས་རུ་འཕེན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཉིད་རིག་གྲོལ་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།