TTDL-ZABTER-14-PHA-034

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-034

བརྡ་ཡིག་༠༠༠༠༠༠༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འཆི་མེད་ཚེ་ཡི་སྒྲུབ་པའི་མདོས་འཕྱོང་དཔལ་གྱི་བེའུ་བར་ཆད་ཀུན་སེལ་བཞུགས་སོ༔ བརྡ་ཡིག་༠༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༢༦༠༔ བདག་ཉིད་ཆེན་པོ་པད་འབྱུང་ངས༔ མ་འོངས་གདུལ་བྱ་སྐྱོབ་པའི་ཕྱིར༔ མདོས་འཕྱོང་དཔལ་གྱི་བེའུ་བསྟན༔ ཉམས་ལེན་ཚགས་སུ་ཚུད་པར་མཛོད༔ གཞུང་དུ་མཁོ་བའི་རྫས་ཀུན་བསགས༔ ལྷ་ཡི་ང་རྒྱལ་ལྡན་པའི་ངང་༔ སྙན་པའི་གདངས་དང་རོལ་མོའི་སྒྲས༔ དང་པོ་མདོས་བྱུང་འདི་སྐད་གྱེར༔ ཧཱུྃ༔ སྔོན་ཚེ་བསྐལ་པ་དང་པོ་ལ༔ མ་རིག་རྒྱུ་རྐྱེན་རྟེན་འབྲེལ་མཐུས༔ ཁམས་གསུམ་སྣོད་བཅུད་རིམ་བཞིན་ཆགས༔ འཛིན་པ་ལས་རླུང་གྱིས་འཕྲུལ་བའི༔ ཉེར་ལེན་བདེ་སྡུག་སོ་སོར་སྣང་༔ ཡེ་ཤེས་མདངས་ལ་ཀུན་བཏགས་གྲིབ༔ ཕོག་པས་ཉོན་མོངས་དུག་ལྔ་བྱུང་༔ ཉོན་མོངས་རྒྱུ་རྐྱེན་ཡང་འཐས་པ༔ ཞེ་སྡང་ཕོ་གདོན་རྒྱལ་པོར་བྱུང་༔ འདོད་ཆགས་མོ་གདོན་འདྲེ་མོར་འཕྲུལ༔ ཀུན་གཞི་ཀླུ་གདོན་ས་བདག་དང་༔ ང་རྒྱལ་ཕུང་སྲི་གྲི་བོའི་སྡེ༔ ཕྲག་དོག་བྱིས་པའི་གདོན་ཆེན་དང་༔ ཀུན་ལ་འཇུག་པ་གདོན་ཕལ་པ༔ བརྒྱད་ཁྲི་བཞི་སྟོང་རྟོག་ཚོགས་དང་༔ འབྲེལ་བའི་གདོན་བགེགས་བསམ་མི་ཁྱབ༔ ཀུན་ཀྱང་བདག་འཛིན་ཆོ་འཕྲུལ་ཏེ༔ དེ་བཟློག་ཤེས་རབ་འོད་པོ་ཆེ༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ འཁོར་འདས་སྤྱི་དཔལ་ཆེན་པོར་འབྱུང་༔ ཀུན་བཏགས་གཞན་དབང་རྒྱུ་རྐྱེན་གྱིས༔ བསྐྱེད་པའི་ནད་གདོན་བར་ཆད་རྐྱེན༔ བཟློག་ཕྱིར་སྔགས་ཀྱི་ཆོ་ག་བསྟན༔ ཡས་དང་གླུད་ཀྱིས་གདོན་བགེགས་ཚིམས༔ ཀུན་ཀྱང་ཕམ་རྒྱལ་མེད་པར་བསྔོ༔ བར་དུ་འབྱུང་བའི་རྒྱུ་རྐྱེན་འཁྲུགས༔ མ་རིག་རྒྱུ་ལ་ཀུན་བཏགས་གདོན༔ ལྷན་སྐྱེས་བག་ཆགས་མཐུ་བརྟས་ཏེ༔ འགྲོ་བ་ནད་དང་གདོན་གྱིས་འཚེ༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ མ་དག་འཁྲུལ་པའི་གདོན་བགེགས་རྣམས༔ ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་པའི༔ རྟེན་འབྲེལ་རྫས་ཀྱིས་ཚིམས་པར་བྱས༔ བྲག་དམར་དཔལ་གྱི་བསམ་ཡས་སུ༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ༔ རྒྱ་བོད་ལྷ་འདྲེས་གནོད་སྦྱོར་བརྩམ༔ མི་འདོད་ནད་ཀྱི་ལ་ཡོག་ལྡང་༔ སྐུ་དང་སྲོག་ལ་བསྡོ་བའི་ཚེ༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ རྒྱ་བོད་ལྷ་འདྲེ་མ་རུངས་རྣམས༔ སྔགས་དང་ཏིང་འཛིན་སྟོབས་ཀྱིས་བཀུག༔ བདེན་པའི་ཚིག་གིས་ཆོས་བཤད་དེ༔ སྣང་སྲིད་འདོད་ཡོན་ཕྱག་རྒྱར་འབུལ༔ སྲིད་པ་གཞིར་བཞེངས་མདོས་ཆེན་བརྫངས༔ མདོས་ཀྱི་རྒྱུ་ནི་ཡེ་ཤེས་ལྔ༔ མདོས་སྙིང་ཆོས་དབྱིངས་ཡེ་ཤེས་ལ༔ འགྱུར་མེད་ཁ་དོག་ནག་པོར་བྱས༔ མདོས་རུས་མེ་ལོང་ཡེ་ཤེས་ལ༔ ཀུན་གསལ་སྒྲིབ་མེད་ཁ་དོག་དཀར༔ མདོས་ཁྲག་སོར་རྟོག་ཡེ་ཤེས་ལ༔ མ་ཆགས་དབང་གི་ཁ་དོག་མཛེས༔ མདོས་ལྤགས་མཉམ་ཉིད་ཡེ་ཤེས་ལ༔ ཡོན་ཏན་ལྷུན་རྫོགས་སེར་འོད་འབར༔ ཁ་འཁྱུད་བྱ་གྲུབ་ཡེ་ཤེས་ལ༔ ཕྲིན་ལས་ལྷུན་གྲུབ་ལྗང་འོད་འབར༔ ཁ་དོག་བཀྲ་བའི་ནམ་མཁའ་དང་༔ ཉི་མ་ཟླ་བའི་ཏོག་གིས་མཛེས༔ རི་དྭགས་གཡུང་དྭགས་ཆུ་གནས་སོགས༔ སྣ་ཚོགས་འབྱོར་པས་རབ་བརྒྱན་པའི༔ ལྕགས་རིས་འཁོར་མོ་ཡུག་ཏུ་བསྐོར༔ ལྷ་འདྲེ་གཟུགས་སུ་མ་གྲུབ་པའི༔ ཡིད་ལུས་ཐོགས་མེད་ཀུན་ཏུ་རྒྱུ༔ རང་རང་མོས་པ་དང་མཐུན་པའི༔ སྣ་ཚོགས་བཀྲ་བའི་རེག་བྱ་དང་༔ སྟག་གཟིག་གཅན་གཟན་ལྤགས་པ་སོགས༔ ཡོ་བྱད་ཆ་མ་ཆོ་དགུས་བརྒྱན༔ ངར་མི་སྨྲ་མཁས་འགྲོ་ཤེས་པ༔ སྣ་ཚོགས་དར་དང་རིན་ཆེན་བརྒྱན༔ གཅིག་ལས་དུ་མར་འཆར་བ་ཡི༔ སྐྱེ་འགྲོ་ཕོ་མོ་བསམ་མི་ཁྱབ༔ ཀུན་ཀྱང་ཡེ་ཤེས་ཆོ་འཕྲུལ་ཏེ༔ ཏིང་འཛིན་སྔགས་ཀྱིས་བརླབ་ཅིང་བསྔོས༔ སྣང་སྲིད་ལྷ་འདྲེ་ཚིམས་པར་བྱས༔ རྒྱལ་པོ་འཁོར་བཅས་ནད་ལས་གྲོལ༔ དེ་རྗེས་རྗེ་འབངས་རིག་འཛིན་ཚོགས༔ སྔགས་ཀྱི་རྣལ་འབྱོར་ཕོ་མོ་ཡིས༔ སྣང་སྲིད་གཞིར་བཞེངས་མདོས་ཆེན་བཤམས༔ གདོན་བགེགས་ལྷ་འདྲེ་ཚིམས་པར་བྱས༔ སྦྱིན་བདག་ཕོ་མོ་ནད་ལས་གྲོལ༔ ད་ལྟ་སྔགས་འཆང་བདག་ཅག་གིས༔ ལྷུན་གྲུབ་གསང་ཆེན་དཀྱིལ་འཁོར་འདིར༔ རྟེན་འབྲེལ་རྒྱུ་རྐྱེན་ལེགས་ཚང་བའི༔ སྣ་ཚོགས་མདོས་ཀྱི་ཆོ་ག་བྱས༔ ཏིང་ངེ་འཛིན་གྱིས་མང་པོར་སྤྲུལ༔ སྔགས་ཀྱིས་ཕམ་རྒྱལ་མེད་པར་བྱས༔ ཁྱེད་སྣང་སྲིད་ལྷ་འདྲེའི་དགྱེས་པ་བསྐང་༔ སྔགས་འཆང་བདག་གི་བཀའ་ལ་ཉོན༔ དམ་ལ་རྟག་ཏུ་གནས་པར་གྱིས༔ རྡོ་རྗེ་འཆང་དབང་པད་འབྱུང་སོགས༔ རིག་འཛིན་བརྒྱུད་པའི་བཀའ་དམ་བཞིན༔ གྲུབ་མཛོད་བཛྲ་ས་མ་ཡ༔ དེ་ནས་ཁྲམ་ཁ་བྱུང་བ་ནི༔ ཀྱཻ༔ དཀར་པོ་ལྷ་ཡི་སྡེ་དཔོན་ཚོགས༔ གཡག་དཀར་ཞོན་ནས་སྟོང་གསུམ་ཉུལ༔ ཁམས་གསུམ་སེམས་ཅན་རྩིས་ལ་འདེབས༔ འགྲོ་བ་ཕོ་མོའི་སྲོག་དབུགས་སྡུད༔ སྣང་སྲིད་ཁམས་ལ་མཐུ་དབང་ཆེ༔ རྒྱུ་སྦྱོར་མི་ནོར་འཁོར་དང་བཅས༔ ཁྲམ་ལ་བཏབ་པ་ཁྲམ་ལས་ཞོར༔ གཏད་དུ་མནན་པ་གཏད་ལས་ཁྲོལ༔ ཤྭ་ལ་བབས་པ་ཤྭ་རྡེལ་སྤྲུགས༔ རྩིས་སུ་ཐེབས་པ་རྩིས་ལས་བྱུང་༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ ཟོས་པ་སྐྱུགས་ལ་མནན་པ་ཁྱོག༔ བྱད་ཐག་ཚོན་གྱི་གྲུ་གུ་ཆོད༔ གདོན་བགེགས་ལོག་འདྲེན་སྟེང་དུ་བསྒྱུར༔ རྒྱལ་དུ་འདོད་ཡོན་གཏོར་མ་བཞེས༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཨོཾ་མ་ཧཱ་དཱེ་ཝ་སརྦ་ས་མ་ཡ་ཧཱུྃ༔ བྱད་དང་གཏད་དུ་བཅུག་པ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ ཨེ་ས་མ་ཡ་སྡང་དགྲ་གནོད་བྱེད་ཀྱི་སྟེང་དུ་བསྒྱུར་ཅིག༔ བཟློག་ཅིག༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཀྱཻ༔ འཆི་བདག་གཤིན་རྗེའི་སྡེ་དཔོན་ཚོགས༔ མ་ཧེ་ཞོན་ནས་སྟོང་གསུམ་ཉུལ༔ ཁམས་གསུམ་སེམས་ཅན་སོགས་འགྲེས་མཛོད༔ ཨོཾ་ཡ་མ་རཱ་ཛ་སརྦ་ས་མ་ཡ་ཧཱུྃ༔ བྱད་དང་གཏད་དུ་སོགས་ཕཊ༔ ཀྱཻ༔ སྲིད་པ་མ་མོའི་སྡེ་དཔོན་ཚོགས༔ འབྲུག་ལ་ཞོན་ནས་སྟོང་གསུམ་ཉུལ༔ ཁམས་གསུམ་སེམས་ཅན་སོགས་མཛོད༔ ཨོཾ་མ་མོ་རོ་རུ་ཕུ་རུ་ནག་མོ་རེ་མ་ཏཱི་སརྦ་ས་མ་ཡ་ཧཱུྃ༔ བྱད་དང་གཏད་དུ་སོགས་ཕཊ༔ ཀྱཻ༔ ནག་པོ་བདུད་ཀྱི་སྡེ་དཔོན་ཚོགས༔ ཆུ་རྟ་ཆིབས་ཤིང་སྟོང་གསུམ་ཉུལ༔ ཁམས་གསུམ་སེམས་ཅན་སོགས་མཛོད༔ ཨོཾ་ནག་པོ་དུབ་པ་རཱ་ཙ་སརྦ་ས་མ་ཡ་ཧཱུྃ༔ བྱད་དང་གཏད་དུ་སོགས་ཕཊ༔ ཀྱཻ༔ དམར་པོ་བཙན་གྱི་སྡེ་དཔོན་ཚོགས༔ མེ་རྟ་ཞོན་ནས་སྟོང་གསུམ་ཉུལ༔ ཁམས་གསུམ་སེམས་ཅན་སོགས་མཛོད༔ ཨོཾ་ཙ་ཏྲི་ཤུ་ལ་ཏྲི་སརྦ་ས་མ་ཡ་ཧཱུྃ༔ བྱད་དང་གཏད་དུ་སོགས་ཕཊ༔ ཀྱཻ༔ སྲོག་བདག་རྒྱལ་པོའི་སྡེ་དཔོན་ཚོགས༔ སེང་གེ་ཞོན་ནས་སྟོང་གསུམ་ཉུལ༔ ཁམས་གསུམ་སེམས་ཅན་སོགས་མཛོད༔ ཨོཾ་རཱ་ཙ་ཀིང་ཀ་ར་སརྦ་ས་མ་ཡ་ཧཱུྃ༔ བྱད་དང་གཏད་དུ་སོགས་ཕཊ༔ ཀྱཻ༔ མི་སྲུན་གནོད་སྦྱིན་སྡེ་དཔོན་ཚོགས༔ རོ་ལང་ཞོན་ནས་སྟོང་གསུམ་ཉུལ༔ ཁམས་གསུམ་སེམས་ཅན་སོགས་མཛོད༔ ཨོཾ་ཀཱ་ལ་ཡཀྴ་སརྦ་ས་མ་ཡ་ཧཱུྃ༔ བྱད་དང་གཏད་དུ་སོགས་ཕཊ༔ ཀྱཻ༔ གཏུམ་པོ་ཀླུ་ཡི་སྡེ་དཔོན་ཚོགས༔ ཆུ་སྲིན་ཆིབས་ནས་སྟོང་གསུམ་ཉུལ༔ ཁམས་གསུམ་སེམས་ཅན་སོགས་མཛོད༔ ཨོཾ་ནཱ་ག་རཱ་ཛ་སརྦ་ས་མ་ཡ་ཧཱུྃ༔ བྱད་དང་གཏད་དུ་སོགས་ཕཊ༔ ཀྱཻ༔ གཟའ་དང་ཐེའུ་རང་བདུད་སྨན་ཚོགས༔ ཀུན་ཏུ་ཆ་ལུགས་མ་ངེས་ཤིང་༔ འབར་དང་གཡོ་དང་བརྟན་པ་དང་༔ གཤེར་བ་ནམ་མཁའི་ཁམས་སུ་འཇུག༔ སྐད་ཅིག་སྟོང་གསུམ་ཡུད་ཙམ་ཉུལ༔ ཁམས་གསུམ་སེམས་ཅན་སོགས་མཛོད༔ ཨོཾ་རཀྴ་རཱ་ཧུ་ལ་ཏུ་ཧར་བྷི་ཙ་ཨེ་ཛ་སརྦ་ས་མ་ཡ་ཧཱུྃ༔ བྱད་དང་གཏད་དུ་སོགས་ཕཊ༔ ཧཱུྃ་ཛ་བྷྱོ༔ ལྷོ་ཕྱོགས་ལྕགས་མཁར་དགུ་རིམ་ནས༔ མི་བཟད་ཁྲོས་པ་སྲོག་གི་བདག༔ འགྲོ་བ་ཡོངས་ཀྱི་སྲོག་དབུགས་སྡུད༔ དགེ་སྡིག་དཀར་ནག་གཉེར་ཁ་འཛིན༔ བདུད་དང་ཐེའུ་རང་གཟའ་སྣ་བཙན༔ དྲེགས་པ་མ་ལུས་དབང་དུ་སྡུད༔ འཆི་བདག་གཤིན་རྗེའི་རྒྱལ་པོ་ནི༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ ཁམས་གསུམ་སེམས་ཅན་རྩིས་ལ་འདེབས༔ ལོག་རྟོག་ཞིང་བཅུ་ཁྲམ་དུ་བཏབ༔ མི་སྲུན་འཇིགས་པའི་ཆ་ལུགས་ཅན༔ ཕྱོགས་བཅུ་ཀུན་ཏུ་སྡང་མིག་བསྒྲད༔ དྲེགས་པ་བྲན་དང་ཕོ་ཉར་འགྱེད༔ མཐུ་དང་རྫུ་འཕྲུལ་ནུས་སྟོབས་བདག༔ མ་ལུས་འཁོར་དང་བཅས་པ་རྣམས༔ རྒྱལ་དུ་ཤ་ཁྲག་དམར་གཏོར་བཞེས༔ རྒྱུ་སྦྱོར་མི་ནོར་འཁོར་དང་བཅས༔ ཁྲམ་ལ་བཏབ་པ་ཁྲམ་ལས་ཞོར༔ གཏད་དུ་མནན་པ་གཏད་ལས་ཁྲོལ༔ ཤྭ་ལ་བབ་པ་ཤྭ་རྡེལ་སྤྲུགས༔ རྩིས་སུ་ཐེབས་པ་རྩིས་ལས་བྱུང་༔ གཟའ་ཡི་དུག་རླངས་ཕོག་པ་སོལ༔ བདུད་ཀྱི་ཞགས་པས་ཐེབས་པ་ཁྲོལ༔ ཐེའུ་རང་བྱོལ་གཏོ་འབེབས་པ་བཟློག༔ ཀླུ་ལ་གཏད་དུ་བཅུག་པ་བྱུང་༔ མ་མོའི་ཚོན་གྱི་གྲུ་གུ་སྡུས༔ མི་འདོད་རྐྱེན་སྣང་བར་ཆད་ཀུན༔ སྡང་དགྲ་གནོད་བྱེད་སྟེང་དུ་བསྒྱུར༔ ལས་ལ་མ་གཡེལ་ས་མ་ཡ༔ ཨོཾ་ཡ་མ་རཱ་ཙ་ཡཀྴ་དཱེ་ཝ༔ ཡ་ར་དུ༔ ཨ་པྲ་ཏི་ཧ་ཏ་ཡེ༔ ཨ་ཨཱཿཨུ་ཨཱུ༔ ཨུ་ཨཱུ༔ ནྱཻ༔ ཨུ་ཨུ་ནྱཻ༔ ཡ་མ་ཡེ༔ རཀྵ་ཡེ༔ དྷ་ཤ་དཱེ་ཝ༔ སུ་མ་ཡེ༔ མ་ཧཱ་ཡཀྴ༔ ཀིང་ཀ་ར༔ ཧཱུྃ་ཧཱུྃ༔ སརྦ་ས་མ་ཡ་ཧཱུྃ༔ བྱད་དང་གཏད་དུ་བཅུག་པ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ ཨེ་ས་མ་ཡ༔ སྡང་དགྲ་གནོད་བྱེད་ཀྱི་སྟེང་དུ་བསྒྱུར་ཅིག༔ བཟློག་ཅིག༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དེ་ནས་མདོས་འཕྱོང་ནི༔ ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་རྟེན་ཅིང་འབྲེལ་འབྱུང་སྟེ༔ ཀུན་ཀྱང་མོས་པའི་དབང་ཡིན་ཕྱིར༔ ཏིང་ངེ་འཛིན་གྱིས་རྣམ་པར་འཕྲུལ༔ སྣང་སྲིད་མདོས་ཀྱི་ཕྱག་རྒྱ་ཆེ༔ མཆོད་པའི་ཡོ་བྱད་མ་ཚང་མེད༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་སྦྱོར་སྒྲོལ་རྫས༔ འཛད་མེད་ཡིད་བཞིན་གཏེར་ཆེན་པོས༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ བཅོམ་ལྡན་རྒྱལ་བ་ཚེ་དཔག་མེད༔ ཚེ་བདག་རིགས་ལྔ་མགྱོགས་མ་བཞི༔ འཆི་མེད་ཚེ་ཡི་ལྷ་ཚོགས་མཆོད༔ དཔལ་མགོན་བདུན་ཅུ་རྩ་ལྔ་སོགས༔ མགོན་པོ་ཡོན་ཏན་མགྲོན་རྣམས་ཀྱི༔ ཐུགས་དམ་བསྐང་ལ་ཉམས་ཆག་བཤགས༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་སོགས༔ སྣང་སྲིད་ལྷ་འདྲེ་དྲེགས་པ་ཅན༔ གདོན་བགེགས་འབྱུང་པོ་མི་མ་ཡིན༔ རང་རང་དགྱེས་པ་བསྐང་གྱུར་ཅིག༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ༔ དབང་དྲུག་མོས་པ་དང་མཐུན་པའི༔ འདོད་ཡོན་ལོངས་སྤྱོད་ཕུན་སུམ་ཚོགས༔ ཕམ་རྒྱལ་མེད་པར་ཐོབ་གྱུར་ཅིག༔ རྒྱུ་སྦྱོར་མི་ནོར་འཁོར་བཅས་ཀྱི༔ བསོད་ནམས་ཚོགས་གཉིས་རབ་རྫོགས་ཤིང་༔ བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག༔ མི་མཐུན་ཉེས་པའི་ཚོགས་ཀུན་བྱང་༔ ཤ་མཁོན་བུ་ལོན་ལན་ཆགས་སོད༔ མི་དགེ་སྡིག་པའི་མཐུས་གྱུར་པའི༔ གནས་སྐབས་མཐར་ཐུག་ལ་སྒྲིབ་པའི༔ བར་ཆད་རྐྱེན་སྣང་ཞི་གྱུར་ཅིག༔ གསེར་དངུལ་ཟངས་ལྕགས་གཡུ་བྱུ་རུ༔ དུང་དང་མརྒད་ཨིནྡྲ་སྤུག༔ རིན་ཆེན་ནོར་གྱི་རིགས་བྱེད་ཀྱིས༔ སངས་རྒྱས་ཆོས་དང་དགེ་འདུན་སོགས་ཞི་གྱུར་ཅིག༔ དར་གོས་སྣམ་ཕྲུག་ཐེར་རས་དང་༔ ཁྲབ་རྨོག་ཚེམ་ཚེམ་བེམ་དང་ཕུབ༔ རྣོ་བའི་མཚོན་ཆ་སྣ་ཚོགས་དང་༔ སྣ་ཚོགས་རེག་བྱའི་རིགས་བྱེད་ཀྱིས༔ སངས་རྒྱས་ཆོས་དང་དགེ་འདུན་སོགས་ཞི་གྱུར་ཅིག༔ ནས་འབྲས་གྲོ་དང་ཡུངས་ཀར་དང་༔ ཏིལ་དང་སོ་བ་ཁྲེ་སྲན་མ༔ བཟའ་བར་འོས་པའི་ཟས་སྣ་ཚོགས༔ དཀར་གསུམ་མངར་གསུམ་ཁ་མངར་སྐྱུར༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ སངས་རྒྱས་ཆོས་དང་དགེ་འདུན་སོགས་ཞི་གྱུར་ཅིག༔ ཨ་བར་སྐྱུར་གསུམ་བཟང་པོ་དྲུག༔ ལྒ་དང་ཞོ་ཤ་སྨན་ཆེན་ལྔ༔ མདོར་ན་གྲང་རེག་ཚ་བ་ཡི༔ སྡུག་བསྔལ་སེལ་བའི་འབྲུ་སྨན་རྩི༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ སངས་རྒྱས་ཆོས་དང་དགེ་འདུན་སོགས་ཞི་གྱུར་ཅིག༔ ཤ་རི་ཁྲག་མཚོ་རུས་པའི་གྲམ༔ རྐང་ཚིལ་ལྷ་བ་མར་ཁུའི་མཚོ༔ ཡེ་ཤེས་བདུད་རྩིར་བྱིན་རླབས་ཏེ༔ སངས་རྒྱས་ཆོས་དང་དགེ་འདུན་སོགས་ཞི་གྱུར་ཅིག༔ རི་དྭགས་གཡུང་དྭགས་ཆུ་གནས་དང་༔ བྱ་རིགས་རྣམ་པ་སྣ་ཚོགས་དང་༔ སྟག་གཟིག་གཅན་གཟན་ལ་སོགས་པའི༔ མཁའ་ལ་འཕུར་དང་ས་ལ་འཛུལ༔ སྤང་ལ་འཕྱོ་ཞིང་ཆུ་ལ་ལྡིང་༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ སངས་རྒྱས་ཆོས་དང་དགེ་འདུན་སོགས་ཞི་གྱུར་ཅིག༔ མི་ནི་ཆ་ལུགས་སྣ་ཚོགས་གཟུགས༔ རྒྱ་བོད་མོན་པ་ཨ་ཙ་ར༔ ཐབས་དང་ཤེས་རབ་ཚུལ་འཆང་བ༔ སྣ་ཚོགས་དར་དང་རིན་ཆེན་བརྒྱན༔ གཅིག་ལས་དུ་མར་འཆར་བ་ཡིས༔ སངས་རྒྱས་ཆོས་དང་དགེ་འདུན་སོགས་ཞི་གྱུར་ཅིག༔ སྦྲ་ཁང་དར་གུར་གནས་མལ་སྟན༔ སྣ་ཚོགས་འབྱོར་པས་རབ་བརྒྱན་པ༔ སྐྱིད་ཚལ་ཡིད་དུ་འོང་བ་དང་༔ ཡོ་བྱད་མཐུན་རྫས་དུ་མ་ཡིས༔ སངས་རྒྱས་ཆོས་དང་དགེ་འདུན་སོགས་ཞི་གྱུར་ཅིག༔ འབྱུང་བ་ནམ་མཁའི་ཁམས་མཐུན་པའི༔ གནམ་མཁའ་ཟུར་བརྒྱད་ཆུ་དར་མཐིང་༔ ཡོན་བདག་སེམས་ཀྱི་རྟེན་དུ་འབུལ༔ འབྱུང་བ་ཆུ་ཡི་ཁམས་མཐུན་པའི༔ ནམ་མཁའ་ཞལ་ལྔ་ཆུ་དར་དཀར༔ ཡོན་བདག་ཁྲག་གི་རྟེན་དུ་འབུལ༔ འབྱུང་བ་ས་དང་ཁམས་མཐུན་པའི༔ ནམ་མཁའི་མིག་གཅིག་ས་དར་སེར༔ ཡོན་བདག་ཤ་ཡི་རྟེན་དུ་འབུལ༔ འབྱུང་བ་མེ་དང་ཁམས་མཐུན་པའི༔ ནམ་མཁའ་ཟུར་གསུམ་མེ་དར་དམར༔ ཡོན་བདག་དྲོད་ཀྱི་རྟེན་དུ་འབུལ༔ འབྱུང་བ་རླུང་དང་ཁམས་མཐུན་པའི༔ ནམ་མཁའ་ཟུར་དྲུག་རླུང་དར་ལྗང་༔ ཡོན་བདག་དབུགས་ཀྱི་རྟེན་དུ་འབུལ༔ རྒྱུ་ནི་ཡེ་ཤེས་ལྔ་ལས་བྱས༔ རྣམ་པ་ལྷ་ཡི་གཞལ་ཡས་ཁང་༔ རང་བཞིན་ཕུང་ཁམས་སྐྱེ་མཆེད་རྫོགས༔ བྱེད་ལས་འདོད་རྒུ་ཅིར་ཡང་འཆར༔ རྨད་བྱུང་སྣང་སྲིད་གཞིར་བཞེངས་མདོས༔ སངས་རྒྱས་ཆོས་དང་དགེ་འདུན་སོགས་ཞི་གྱུར་ཅིག༔ ཁང་བཟང་འདོད་པ་འཇོ་བའི་དབྱིག༔ རིན་ཆེན་ཏོག་གིས་རྣམ་པར་མཛེས༔ ཉི་ཟླའི་འོད་ཀྱིས་སྣང་བ་གསལ༔ ཐབས་དང་ཤེས་རབ་ཟུང་འབྲེལ་བའི༔ ཕོ་ཏིང་དཔའ་བོ་སྟག་ཆས་བརྒྱན༔ མོ་ཏིང་བཟང་མོ་དར་སྣས་སྤྲས༔ སྣ་ཚོགས་ཅིར་ཡང་འཆར་བ་ཡི༔ མདའ་རྒྱང་འཕང་དང་ཤིང་རིས་དང་༔ གསེར་དངུལ་དུང་ཚེ་མིག་མང་རིས༔ གཅན་གཟན་སྣ་ཚོགས་པགས་པའི་མདངས༔ མཐོང་བ་ཙམ་གྱིས་ཡིད་འཕྲོག་ཅིང་༔ མྱོང་བས་བདེ་སྟོང་ཡེ་ཤེས་བསྐྱེད༔ སྤྱོད་པས་ལོངས་སྤྱོད་དཔལ་སྟེར་བ༔ མི་ཟད་ནམ་མཁའི་གཏེར་ཆེན་པོས༔ སངས་རྒྱས་ཆོས་དང་དགེ་འདུན་སོགས་ཞི་གྱུར་ཅིག༔ གཏོར་མ་དབང་པོ་ལྔ་ཡིས་བརྒྱན༔ རྒྱང་ཞགས་གཟུགས་དང་ཐོས་བྱེད་སྒྲ༔ སྣོམ་བྱེད་དྲི་དང་མྱོང་བྱེད་རོ༔ དྲན་པ་རེག་བྱ་ཆོས་ཁམས་ཀྱི༔ མཆོད་པའི་བྱེ་བྲག་ཅིར་ཡང་འཆར༔ གདུགས་དང་རྒྱལ་མཚན་བ་དན་དང་༔ གནམ་ཡོལ་བླ་བྲེ་རྔ་ཡབ་འཕན༔ མཆོད་པའི་ཡོ་བྱད་སྣ་ཚོགས་ཀྱིས༔ སངས་རྒྱས་ཆོས་དང་དགེ་འདུན་སོགས་ཞི་གྱུར་ཅིག༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས༔ དཔག་བསམ་ཤིང་དང་བུམ་པ་བཟང་༔ བཀྲ་ཤིས་རྫས་རྟགས་རིན་ཆེན་ལྔ༔ ཉེ་བའི་རིན་ཆེན་བདུན་དང་ནི༔ རྟ་གླང་ལུག་དང་བ་དྲེལ་མཛོ༔ འབྲི་དང་མཛོ་མོ་རྩེ་རྩེ་ར༔ སྟོབས་ལྡན་གླང་པོ་ཟིལ་གནོན་ཁྱུང་༔ དཔའ་གཏུམ་སྟག་གཟིག་གདུག་པ་དོམ༔ བརྗིད་པ་སེང་གེ་མཛེས་པ་གོང་༔ དཀོར་ནོར་ལོངས་སྤྱོད་བསམ་མི་ཁྱབ༔ མགྲོན་རྣམས་མོས་པ་དང་མཐུན་པའི༔ སྣ་ཚོགས་མཆོད་པའི་བྱེ་བྲག་གིས༔ སངས་རྒྱས་ཆོས་དང་དགེ་འདུན་སོགས་ཞི་གྱུར་ཅིག༔ ཧཱུྃ༔ རི་རབ་གླིང་བཞི་གླིང་ཕྲན་དང་༔ གསེར་རི་བདུན་དང་རོལ་མཚོ་བརྒྱད༔ ཉི་མ་ཟླ་བའི་བཀྲག་དང་ལྡན༔ རྩེ་མོ་རྣམ་རྒྱལ་ཁང་བཟང་ནང་༔ ལྷ་ཀླུ་མི་གསུམ་གཏེར་གྱིས་གཏམས༔ བར་སྣང་གཟུགས་ཁམས་གཟུགས་མེད་ཀྱི༔ ལྷ་གནས་ལོངས་སྤྱོད་སྐར་ལྟར་བཀྲ༔ རི་རབ་ཁ་ཁྱེར་འདོད་ལྷ་དྲུག༔ རྒྱལ་ཆེན་རིས་ཀྱི་ལྷ་དང་བཅས༔ གླིང་བཞི་མི་ཡི་སྲིད་པ་དང་༔ རྒྱ་མཚོ་ཆེན་པོ་ཀླུ་ཡི་གནས༔ ཀུན་ཀྱང་སྲིད་པའི་མདོས་ལ་རྫོགས༔ སངས་རྒྱས་ཆོས་དང་དགེ་འདུན་སོགས་ཞི་གྱུར་ཅིག༔ རི་རབ་བང་རིམ་དང་པོ་ལ༔ རྨ་བྱ་ཁྱུང་ངུར་ཀ་ལན་ཏ༔ ནེ་ཙོ་རི་སྐེག་ཤང་ཤང་སོགས༔ འདབ་ཆགས་རྣམ་པ་སྣ་ཚོགས་དང་༔ ལྷ་ཀླུ་མི་ཡི་བྱེ་བྲག་རིགས༔ ཆ་ལུགས་ཡ་མ་ཟུང་དང་ལྡན༔ རི་རབ་བང་རིམ་གཉིས་པ་ལ༔ རི་དྭགས་གཡུང་དྭགས་ཆུ་གནས་རིགས༔ སྟག་གཟིག་དོམ་དྲེད་སྡེར་ཆགས་རིགས༔ སྤུ་སྡུག་མཛེས་ཤིང་ལྟ་ན་སྡུག༔ སྣ་ཚོགས་མོས་པ་བཞིན་དུ་འཆར༔ རི་རབ་བང་རིམ་ཐ་མ་ལ༔ རྒྱང་བུ་འཇའ་ཡི་རིས་ཅན་དང་༔ ཕོ་ཏིང་མོ་ཏིང་མདའ་འཕང་ཁྲ༔ ནམ་མཁའ་རྣམ་པ་སྣ་ཚོགས་དང་༔ རི་རབ་ཕྱོགས་བཞི་མཚམས་བརྒྱད་ཀུན༔ ཤ་རི་ཁྲག་མཚོ་རུས་གྲམ་ཁྲོད༔ བཅའ་དང་གཞིབ་དང་བཏུང་བ་སོགས༔ མགྲོན་བཞིའི་མོས་པ་དང་མཐུན་པའི༔ མཆོད་པའི་ཡོ་བྱད་ཅིར་ཡང་འཕྲོ༔ ཟག་མེད་བདུད་རྩིའི་སྤྲིན་ཆེན་པོས༔ སངས་རྒྱས་ཆོས་དང་དགེ་འདུན་སོགས་ཞི་གྱུར་ཅིག༔ ངར་མི་དབང་ཚང་རྒྱན་དང་ལྡན༔ ལག་ན་འདོད་པའི་ཡོན་ཏན་ཐོགས༔ ཕོ་མོ་མ་ནིང་གཟུགས་སུ་སྟོན༔ ཡེ་ཤེས་དབྱིངས་དང་རོ་གཅིག་པའི༔ ཡེ་ཤེས་ལྷ་ཡི་དགྱེས་པ་སྐོང་༔ ངར་འཛིན་ཡིད་ཀྱི་ཆོ་འཕྲུལ་གར༔ གནོད་བྱེད་བགེགས་མགྲོན་ཚིམས་པར་བྱེད༔ ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཕྱིར༔ རིགས་དྲུག་དབང་པོར་གང་འདོད་འཆར༔ ཏིང་ངེ་འཛིན་གྱི་བྱེད་ལས་ཀྱིས༔ གཅིག་ལས་དུ་མར་འཆར་བ་འདིས༔ སངས་རྒྱས་ཆོས་དང་དགེ་འདུན་སོགས་ཞི་གྱུར་ཅིག༔ ནམ་མཁའ་སྟོང་པ་དབྱིངས་ཀྱི་ཡུམ༔ སྣང་ཆ་མ་འགགས་ཐབས་མཆོག་སྟེ༔ བདེ་དང་སྟོང་པ་མཉམ་སྦྱོར་བ༔ འཁོར་འདས་མཆོད་པའི་སྤྲིན་དུ་ཤར༔ ཡེ་ཤེས་བདུད་རྩི་འབྱུང་བའི་གནས༔ རིག་པ་བྱང་ཆུབ་སེམས་ཀྱི་གཏེར༔ རེག་མྱོང་བླ་མེད་བྱང་ཆུབ་ཐོབ༔ ཀུན་ཏུ་བཟང་པོའི་མཆོད་པ་ཆེ༔ ཡེ་ནས་དོན་དང་གཉིས་མེད་སྦྱོར༔ མཆོད་བྱ་མཆོད་བྱེད་རྣམ་དག་ཅིང་༔ བདག་ཅག་རྒྱུ་སྦྱོར་ཡོན་མཆོད་ཀྱི༔ བསོད་ནམས་ཚོགས་གཉིས་རྫོགས་པ་དང་༔ རྐྱེན་ངན་བར་ཆད་བཟློག་པའི་ཕྱིར༔ སངས་རྒྱས་ཆོས་དང་དགེ་འདུན་སོགས་ཞི་གྱུར་ཅིག༔ རབ་འབྱམས་འཇིག་རྟེན་ཁམས་འདི་ན༔ ལྷ་མིའི་ལོངས་སྤྱོད་བསམ་ཡས་པ༔ བདག་པོས་བཟུང་དང་མ་བཟུང་བའི༔ ཡིད་དུ་འོང་པའི་མཆོད་རྫས་ཚོགས༔ ནམ་མཁའ་བར་སྣང་ས་གཞིའི་རྒྱན༔ རྣམ་པ་ཀུན་ནས་ཡིད་འོང་ཞིང་༔ འདོད་རྒུའི་གཏེར་ཆེན་གཡོ་བ་འདིས༔ སངས་རྒྱས་ཆོས་དང་དགེ་འདུན་་སོགས་ཞི་གྱུར་ཅིག༔ བསམ་འཕེལ་ནོར་བུ་དབང་གི་རྒྱལ༔ ཕ་རོལ་དཔུང་འཇོམས་དབང་སྔོན་སོགས༔ ལྷ་ཀླུ་མི་གསུམ་ནོར་བུའི་རིགས༔ སོ་སོའི་མོས་པའི་རྗེས་འགྲོ་བའི༔ འཛད་མེད་ཡིད་བཞིན་འབྱུང་བའི་གནས༔ རིན་ཆེན་རྣམ་པ་སྣ་ཚོགས་ཀྱིས༔ སངས་རྒྱས་ཆོས་དང་དགེ་འདུན་སོགས་ཞི་གྱུར་ཅིག༔ དེ་ནས་ནད་ཐག་བཅད་པ་ནི༔ ཧཱུྃ༔ བདག་ཉིད་དབང་ཆེན་ཧེ་རུ་ཀ༔ འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི༔ མཐུ་དང་ནུས་རྩལ་འོད་ཟེར་གྱིས༔ སྒྲོལ་བྱེད་ལས་ཀྱི་ཕོ་ཉ་བྱུང༔ གཅོད་བྱེད་གསེར་གྱི་སྤུ་གྲི་ཡིས༔ རྒྱུ་སྦྱོར་མི་ནོར་འཁོར་བཅས་ཀྱི༔ ལུས་ངག་ཡིད་ལ་གནོད་བྱེད་པའི༔ རླུང་མཁྲིས་བད་ཀན་ལྡན་འདུས་ཀྱི༔ མི་འདོད་ཟུག་རྔུ་ལྡང་བའི་རྐྱེན༔ མ་རིག་མཐུ་ལས་བྱུང་བ་ཡི༔ ནད་ཀྱི་གྲུ་གུ་ད་བཅད་དོ༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ཀུན༔ ཕྱིན་ཆད་ལྡང་བར་མ་གྱུར་ཅིག༔ ཨོཾ་པདྨ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ སརྦ་ཏྲི་བྷྱོ་ཡཀྴ་མཱ་ར་ཡ་ཧཱུྃ་ཧཱུྃ༔ དེ་ནས་གདོན་ཐག་བཅད་པ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་ཡི་སྤྲུལ་པ་གཤིན་རྗེ་གཤེད༔ ལས་མཁན་དྲེགས་པ་སྡེ་བརྒྱད་ཀྱི༔ མཐུ་སྟོབས་ནུས་པ་རྨད་བྱུང་བ༔ ཡེ་ཤེས་མཚོན་གྱི་འོད་ཟེར་གྱིས༔ དུག་ལྔ་དུག་གསུམ་དང་འབྲེལ་བའི༔ གདོན་གྱི་རྣམ་པ་མཐའ་ཡས་པ༔ ཀུན་གྱི་གདུག་པ་རང་རྩལ་ལས༔ བྱུང་བའི་ཐག་པ་ད་བཅད་དོ༔ རྒྱུ་སྦྱོར་མི་ནོར་འཁོར་དང་བཅས༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ ལྟས་ངན་ཉི་ཁྲི་ཆིག་སྟོང་སོགས༔ བར་ཆད་གདོན་དང་རབ་བྲལ་ནས༔ སླན་ཆད་ལྡང་བར་མ་གྱུར་ཅིག༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ བར་ཆད་གདོན་གྱི་འཆིང་བ་ཛྭ་ལ་རཾ་ཧཱུྃ་སྭཱ་ཧཱ༔ དེ་ནས་ཚོན་གྱི་གྲུ་གུ་བསྡུ་བ་ནི༔ ཧཱུྃ༔ འདོད་ཆགས་ལས་ལས་སྐྱེས་པ་ཡི༔ སྣང་སྲིད་དབང་བསྒྱུར་མ་མོའི་ཚོགས༔ དལ་ཁ་ནད་ཡམས་བདག་མོ་རྣམས༔ བདག་ཉིད་ཁྲོ་བོའི་བཀའ་བྱུང་གིས༔ ཚོན་གྱི་གྲུ་གུ་ད་བསྡུས་ཤིག༔ རྒྱུ་སྦྱོར་མི་ནོར་འཁོར་བཅས་ཀྱི༔ ལུས་ངག་ཡིད་གསུམ་མ་དག་སྟེ༔ འཁྲུལ་པའི་དབང་གིས་ལས་བྱས་པའི༔ སྣང་སྲིད་མ་མོའི་ཀོ་ལོང་བསྡོམ༔ འཁྲུགས་པ་སྣང་སྲིད་མདོས་ཀྱིས་བསྐང་༔ ཕྱིན་ཆད་འཁོར་འདིར་གནོད་མ་བྱེད༔ མ་འདའ་བཛྲ་ས་མ་ཡ༔ ཨོཾ་མ་མ་རཀྴ་རཀྨོ་བྷྱོ་ཧཱུྃ་ཕཊ༔ ནད་ཡམས་དལ་ཁ་དགྲ་ལ་བསྒྱུར་ཅིག༔ བཟློག་ཅིག༔ དེ་ནས་ཆ་མིག་ནི་གཞུང་བཞིན་ལ་བཀྱག་འཇལ་ནི༔ ཧོཿའཆི་བདག་གཤིན་རྗེ་སྟོབས་པོ་ཆེ༔ སྣང་སྲིད་ཁམས་ལ་མངའ་དབང་ཆེ༔ བདེ་སྡུག་ལེགས་ཉེས་ཅིར་ཡང་སྟོན༔ རྒྱུ་སྦྱོར་མི་ནོར་འཁོར་བཅས་ཀྱི༔ ཕུང་ཁམས་སྐྱེ་མཆེད་དཀོར་ནོར་དང་༔ ལོངས་སྤྱོད་འབངས་འཁོར་ཆོས་སྲིད་སྡེ༔ ཀུན་གྱི་ཡོན་དང་བསླུ་བའི་ཚབ༔ གསེར་དངུལ་ལ་སོགས་རིན་ཆེན་རིགས༔ ནས་འབྲས་ལ་སོགས་ཟས་ཀྱི་རིགས༔ སྣམ་གོས་ལ་སོགས་གོས་ཀྱི་རིགས༔ རྟ་གླང་ལ་སོགས་གཡུང་དྭགས་རིགས༔ མདོར་ན་ཡིད་ལ་གང་འདོད་པའི༔ འདོད་རྒུའི་དངོས་པོ་ཇི་སྙེད་པ༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ འཆི་བདག་གཤིན་རྗེ་ཁྱོད་ལ་འབུལ༔ རྒྱུ་སྦྱོར་མི་ནོར་འཁོར་བཅས་ཀྱི༔ བུ་ལོན་ལན་ཆགས་ཀུན་བྱང་ཟིན༔ ཕྱིན་ཆད་འཁོར་འདིར་གནོད་མ་བྱེད༔ ཁྲམ་གྱི་བྱང་བུ་དགྲ་ལ་བསྒྱུར༔ དམར་ནག་ལྟོ་རྒྱབ་འབྲེལ་བ་ཕྱེས༔ དུས་མིན་འཆི་དང་འཇིགས་པ་སོགས༔ ཚེ་སྲོག་བར་ཆད་ཞི་བར་མཛོད༔ ལས་རྣམས་གྲུབ་མཛོད་ས་མ་ཡ༔ ཧོཿདཀར་པོ་ལྷ་ཡི་སྡེ་དཔོན་ཚོགས༔ ལྷ་ཁམས་སྲིད་པ་དབང་དུ་སྡུད༔ སྣང་སྲིད་ལེགས་ཉེས་བྱེད་པ་པོ༔ རྒྱུ་སྦྱོར་མི་ནོར་སོགས་ས་མ་ཡ༔ ཧོཿསྲིད་པ་མ་མོའི་སྡེ་དཔོན་ཚོགས༔ ནད་དང་རིམས་ཀྱི་བདག་མོ་སྟེ༔ རྒྱུ་སྦྱོར་མི་ནོར་སོགས་ས་མ་ཡ༔ ཧོཿནག་པོ་བདུད་རྒྱལ་སྟོབས་པོ་ཆེ༔ ཁ་རླངས་དུག་དང་ནད་དུ་གཏིབས༔ ལག་ན་མཚོན་ཆའི་འཁོར་ལོ་ཐོགས༔ རྫུ་འཕྲུལ་སྤྲུལ་པ་བསམ་མི་ཁྱབ༔ རྒྱུ་སྦྱོར་མི་ནོར་སོགས་ས་མ་ཡ༔ ཧོཿདམར་པོ་བཙན་གྱི་སྡེ་དཔོན་ཚོགས༔ བཙན་གྱི་ཞགས་པས་དགྲ་བོ་འཆིང་༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ རྒྱུ་སྦྱོར་མི་ནོར་སོགས་ས་མ་ཡ༔ ཧོཿསྲོག་བདག་རྒྱལ་པོའི་སྡེ་དཔོན་ཚོགས༔ ཁམས་གསུམ་སེམས་ཅན་རྩིས་ལ་འདེབས༔ འགྲོ་བ་ཡོངས་ཀྱི་སྲོག་དབུགས་སྡུད༔ སྤྲུལ་པ་ཆོ་འཕྲུལ་བསམ་མི་ཁྱབ༔ རྒྱུ་སྦྱོར་མི་ནོར་སོགས་ས་མ་ཡ༔ ཧོཿམི་སྲུན་གནོད་སྦྱིན་སྡེ་དཔོན་ཚོགས༔ སྣང་སྲིད་ཁམས་ཀུན་མ་ལུས་ཉུལ༔ ཐན་དང་ལྟས་ངན་ཡོ་ལངས་འགྱེད༔ སྤུ་གྲིས་དགྲ་བོའི་སྲོག་རྩ་གཅོད༔ རྒྱུ་སྦྱོར་མི་ནོར་སོགས་ས་མ་ཡ༔ ཧོཿགཏུམ་པོ་ཀླུ་ཡི་སྡེ་དཔོན་ཚོགས༔ འབྱུང་བ་སྦྱོར་སྡུད་ལས་ལ་དབང་༔ དགྲ་ཡུལ་ཀླུ་ནད་ཆར་དུ་འབེབས༔ རྒྱུ་སྦྱོར་མི་ནོར་སོགས་ས་མ་ཡ༔ ཧོཿལས་གཤིན་ཡ་མ་རཱ་ཛ་ནི༔ མ་ཧེ་སྔོ་ནག་རུ་རིང་བཅིབ༔ སྟག་གཟིག་འདུང་མ་གོས་སུ་ཀླུབས༔ དགྲ་སྟྭ་ཞགས་པ་མེ་ལོང་འཛིན༔ དགྲ་བོ་གསོད་ཅིང་འགུགས་པར་བྱེད༔ དགེ་སྡིག་ལེགས་ཉེས་དྲང་ཤན་འབྱེད༔ གཟའ་སྨན་ཐེའུ་རང་བྲན་དུ་འགྱེད༔ འགྲོ་བ་སེམས་ཅན་སྲོག་དབུགས་སྡུད༔ ལས་བྱེད་སྤྲུལ་པ་བསམ་ཡས་བཅས༔ རྒྱུ་སྦྱོར་མི་ནོར་སོགས་ས་མ་ཡ༔ ཉ་ག་བཀྱག་འཇལ་སོགས་སྤྱི་ལྟར་བྱེད་ཅིང་ཀུན་ལ་སྦྱར༔ དེ་ནས་ཁྲམ་ཕྱིས་ཤིང་བརྡར་བ་ནི༔ ཧཱུྃ་བྷྱོ༔ ང་ནི་འཇམ་དཔལ་གཤིན་རྗེ་གཤེད༔ གནས་ལྔར་ཚེ་དཔག་རིགས་ལྔ་དང་༔ དབུ་ལ་ཚེ་བདག་རིགས་ལྔས་བརྒྱན༔ ཚིགས་བཞི་ལྷག་པའི་རྩ་རྣམས་སུ༔ ཚེ་ཡི་ལྷ་མོ་མགྱོགས་མ་ལྔ༔ ཡན་ལག་སྒོ་སྐྱོང་ཕོ་མོ་རྫོགས༔ སྙིང་རྗེ་ཁྲོས་པ་ཁྲོ་བོ་བཅུ༔ ཕྱོགས་བཅུའི་གདོན་འདུལ་དཀྱིལ་འཁོར་བཞེངས༔ གཤེད་ཆེན་བཞི་དང་སྡེ་བརྒྱད་འཁོར༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ ཀུན་ཀྱང་ང་ཡི་ཆོ་འཕྲུལ་ཏེ༔ འཁོར་འདས་ཡོངས་ཀྱི་ཆེ་བཙན་མཆོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀའི༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ དཀར་པོ་ལྷ་བདུད་ཁྲོས་པ་ཆེ༔ མ་ལུས་འཁོར་དང་བཅས་རྣམས་ཀྱིས༔ སྔགས་འཆང་རྣལ་འབྱོར་བདག་ཅག་དང་༔ རྒྱུ་སྦྱོར་མི་ནོར་འཁོར་དང་བཅས༔ ཁྲམ་ལ་བཏབ་ན་ཁྲམ་ཞོར་ཅིག༔ ཤྭ་ལ་བབ་ན་ཤྭ་གཞི་སྤྲུགས༔ རྩིས་སུ་བབ་ན་རྩིས་ལས་བྱུང་༔ བན་བོན་མུ་སྟེགས་རྒྱ་བོད་ཀྱི༔ དགེ་བཙུན་སྔགས་པ་དྲག་ཤུལ་ཅན༔ ཀུན་གྱི་བསམ་སྦྱོར་བརྣག་པ་ཡི༔ མཐུ་གཏད་དམོད་བསྐུལ་གཏད་ཁྲམ་ལ༔ བཏབ་པ་མ་ལུས་ཕྱིས་ཤིང་ཞོར༔ ཁྲམ་ཁ་ཕྱིས་ལ་ཟོར་ཁ་བསྒྱུར༔ བྱད་མ་སོད་ལ་བྱད་ཐག་ཆོད༔ བྱད་མ་རང་གཤེད་རང་ལ་ཕོབ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀའི༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ འཆི་བདག་གཤིན་རྗེ་ཁྲོ་ཞིང་གཏུམ༔ མ་ལུས་འཁོར་དང་སོགས་གྲུབ་པར་མཛོད༔ ཧཱུྃ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀའི༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ སྲིད་པ་མ་མོ་ཅིར་ཡང་བརྫུ༔ མ་ལུས་འཁོར་དང་སོགས་གྲུབ་པར་མཛོད༔ ཧཱུྃ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀའི༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ བདུད་ཀྱི་སྡེ་དཔོན་འཇིགས་པའི་གཟུགས༔ མ་ལུས་འཁོར་དང་སོགས་གྲུབ་པར་མཛོད༔ ཧཱུྃ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀའི༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ བཙན་གྱི་སྡེ་དཔོན་དཔའ་བའི་ཉམས༔ མ་ལུས་འཁོར་དང་སོགས་གྲུབ་པར་མཛོད༔ ཧཱུྃ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀའི༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ རྒྱལ་པོའི་སྡེ་དཔོན་སྒེག་པའི་ཉམས༔ མ་ལུས་འཁོར་དང་སོགས་གྲུབ་པར་མཛོད༔ ཧཱུྃ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀའི༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ གནོད་སྦྱིན་སྡེ་དཔོན་ཁྲོས་པའི་གཟུགས༔ མ་ལུས་འཁོར་དང་སོགས་གྲུབ་པར་མཛོད༔ ཧཱུྃ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀའི༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ ཀླུ་ཡི་སྡེ་དཔོན་དྲག་ཤུལ་རྔམས༔ མ་ལུས་འཁོར་དང་སོགས་གྲུབ་པར་མཛོད༔ ཧཱུྃ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀའི༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ གཟའ་ཡི་སྡེ་དཔོན་སྲིན་པོའི་གཟུགས༔ ཐེའུ་རང་སྡེ་དཔོན་ར་སྐྱེས་ཞོན༔ མ་སྨན་སྡེ་དཔོན་བསེན་མོའི་གཟུགས༔ མ་ལུས་འཁོར་དང་སོགས་གྲུབ་པར་མཛོད༔ ཧཱུྃ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀའི༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ ལས་གཤིན་ཡ་མ་རཱ་ཙ་ནི༔ དབུ་དགུ་ཕྱག་ནི་བཅོ་བརྒྱད་པ༔ འཇིགས་པའི་མཚོན་ཆ་སྣ་ཚོགས་འཛིན༔ མ་ཧེ་ཆིབས་ནས་སྟོང་གསུམ་ཉུལ༔ འགྲོ་བ་ཡོངས་ཀྱི་སྲོག་དབུགས་སྡུད༔ ཟ་གསོད་ཕོ་ཉ་བསམ་ཡས་འགྱེད༔ མ་ལུས་འཁོར་དང་སོགས་གྲུབ་པར་མཛོད༔ དེ་ནས་ཁྲམ་བཟློག་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་གསང་བ་འཛིན་མཛད་ཅིང་༔ འགྲོ་བ་སྡུག་བསྔལ་འཇིགས་ལས་སྐྱོབ༔ འཆི་མེད་རིག་འཛིན་ཚེ་ཡི་བདག༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ གོས་དཀར་ཡུམ་དང་གཉིས་མེད་སྦྱོར༔ ཡེ་ཤེས་བདུད་རྩིའི་སྐྱེམས་གཏོར་བཞེས༔ རྒྱུ་སྦྱོར་མི་ནོར་འཁོར་བཅས་ལ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ༔ གཟུགས་ཅན་གཟུགས་མེད་ལོག་འདྲེན་གྱིས༔ གནོད་སྦྱོར་མི་མཐུན་ཕྱོགས་རྣམས་ཀུན༔ དགྲ་གདོན་བགེགས་ཚོགས་སྟེང་དུ་བསྒྱུར༔ སྣང་སྲིད་ལྷ་འདྲེའི་ཁྲམ་ཁ་བཟློག༔ བདུད་དང་གཤིན་རྗེའི་ཁྲམ་ཁ་བཟློག༔ བཙན་དང་རྒྱལ་པོའི་ཁྲམ་ཁ་བཟློག༔ ཀླུ་དང་ས་བདག་ཁྲམ་ཁ་བཟློག༔ ནད་དང་རིམས་ཀྱི་ཁྲམ་ཁ་བཟློག༔ བྱད་དང་ཕུར་ཁའི་ཁྲམ་ཁ་བཟློག༔ ཁྲམ་ཁ་ཕྱིས་ལ་ཤྭ་རྡེ་གཏོར༔ ནད་ཁ་རིམས་ཁ་དགྲ་ལ་བཟློག༔ བདུད་ཀྱི་ཞགས་པས་ཐེབས་པ་ཆོད༔ གཤིན་རྗེའི་ཁྲམ་ལ་ཐེབས་པ་ཞོར༔ མ་མོའི་ཁ་རླངས་ཕོག་པ་སོལ༔ མདོས་ཟོར་ཕུར་ཁ་དགྲ་ལ་ཕོབ༔ བྱད་མ་ལྷ་སྲུང་དང་བཅས་པ༔ མིང་ཙམ་མེད་པར་རྡུལ་དུ་རློགས༔ ཐུགས་དམ་མ་གཡེལ་ས་མ་ཡ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་བདག་ཉིད་བཅོམ་ལྡན་འདས༔ གཟུགས་ཕུང་ས་ཁམས་གནས་དག་དབྱིངས༔ རྣམ་པར་སྣང་མཛད་སྤྱན་མ་ཡུམ༔ ཡེ་ཤེས་བདུད་རྩིའི་སོགས་ས་མ་ཡ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་བདག་ཉིད༴རྣམ་ཤེས་ནམ་མཁའ༴རྡོར་སེམས་དབྱིངས་ཕྱུག་ཡུམ་དང་སྦྱོར༔ ཡེ་ཤེས་བདུད་རྩིའི་སོགས་ས་མ་ཡ༔ ཧཱུྃ༔ དུས་གསུམ་སངས་རྒྱས༴ཡོན་ཏན་བདག་ཉིད༴ཚོར་ཕུང་ཆུ་ཁམས༴རིན་འབྱུང་མཱ་ཀི་ཡུམ་དང་སྦྱོར༔ ཡེ་ཤེས་བདུད་རྩིའི་སོགས་ས་མ་ཡ༔ ཧཱུྃ༔ དུས་གསུམ་སངས་རྒྱས༴གསུང་གི་བདག་ཉིད༴འདུ་ཤེས་མེ་ཁམས༴སྣང་མཐའ་གོས་དཀར་ཡུམ་དང་སྦྱོར༔ ཡེ་ཤེས་བདུད་རྩིའི་སོགས་ས་མ་ཡ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་བདག་ཉིད་བཅོམ་ལྡན་འདས༔ འདུ་བྱེད་རླུང་ཁམས་གནས་དག་དབྱིངས༔ དོན་གྲུབ་སྒྲོལ་མ་ཡུམ་དང་སྦྱོར༔ ཡེ་ཤེས་བདུད་རྩིའི་སོགས་ས་མ་ཡ༔ ཧཱུྃ༔ རྡོ་རྗེ་མགྱོགས་མ་ཚེ་ཡི་ལྷ༔ ལ་སྱ་དཀར་མོ་མཛེས་པའི་སྐུ༔ ཕྱག་གཉིས་མདའ་དར་ཚེ་བུམ་འཛིན༔ དཀར་མོ་མགྱོགས་མ་འབུམ་དང་བཅས༔ ཡེ་ཤེས་བདུད་རྩིའི་སོགས་ས་མ་ཡ༔ ཧཱུྃ༔ རིན་ཆེན་མགྱོགས་མ་ཚེ་ཡི་ལྷ༔ མ་ལེ་སྔོན་མོ་མཛེས་པའི་སྐུ༔ ཕྱག་ན་མདའ་དར་ཚེ་བུམ་འཛིན༔ སྔོན་མོ་མགྱོགས་མ་འབུམ་དང་བཅས༔ ཡེ་ཤེས་བདུད་རྩིའི་སོགས་ས་མ་ཡ༔ ཧཱུྃ༔ པདྨ་མགྱོགས་མ་ཚེ་ཡི་ལྷ༔ གཱིརྟི་དམར་མོ་མཛེས་པའི་སྐུ༔ ཕྱག་ན་མདའ་དར་ཚེ་བུམ་འཛིན༔ དམར་མོ་མགྱོགས་མ་འབུམ་དང་བཅས༔ ཡེ་ཤེས་བདུད་རྩིའི་སོགས་ས་མ་ཡ༔ ཧཱུྃ༔ ཀརྨ་མགྱོགས་མ་ཚེ་ཡི་ལྷ༔ ནཱིརྟི་ལྗང་མོ་མཛེས་པའི་སྐུ༔ ཕྱག་ན་མདའ་དར་ཚེ་བུམ་འཛིན༔ ལྗང་མོ་མགྱོགས་མ་འབུམ་དང་བཅས༔ ཡེ་ཤེས་བདུད་རྩིའི་སོགས་ས་མ་ཡ༔ ཧཱུྃ༔ སྙིང་རྗེ་ཚད་མེད་ལྕགས་ཀྱུ་མ༔ བྱམས་པ་ཚད་མེད་ཞགས་པ་མ༔ དགའ་བ་ཚད་མེད་ལྕགས་སྒྲོག་མ༔ བཏང་སྙོམས་ཚད་མེད་དྲིལ་བུ་མ༔ རང་རང་སྒྱུ་འཕྲུལ་བསམ་མི་ཁྱབ༔ ཡེ་ཤེས་བདུད་རྩིའི་སོགས་ས་མ་ཡ༔ ཧཱུྃ༔ ཁྲོ་རྒྱལ་ཆེན་པོ་གཤིན་རྗེ་གཤེད༔ དུར་ཁྲོད་བདག་མོ་ཡུམ་དང་སྦྱོར༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ སྤྲུལ་པ་གཤེད་བཞི་ལས་མཁན་བརྒྱད༔ ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་སོགས༔ གཤིན་རྗེ་གཤེད་པོའི་ལྷ་ཚོགས་རྣམས༔ ཡེ་ཤེས་བདུད་རྩིའི་སོགས་ས་མ་ཡ༔ ཧཱུྃ༔ དཀར་པོ་ལྷ་དང་ནག་པོ་བདུད༔ སྲིད་པ་མ་མོ་འཆི་བདག་སྡེ༔ དམར་པོ་བཙན་དང་གདུག་པ་ཀླུ༔ སྲོག་བདག་རྒྱལ་པོ་གནོད་སྦྱིན་སྡེ༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ནི༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ མ་ལུས་འཁོར་དང་བཅས་པ་རྣམས༔ ཡེ་ཤེས་བདུད་རྩིའི་སོགས་ས་མ་ཡ༔ ཨོཾ་ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཧ་རི་ནི་ས་ཛཿཧཱུྃ་བཾ་ཧོཿཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་བཻ་ཏ་ལི་ཀྲོ་དྷི་ཤྭ་རི་ཤྲཱི་བཛྲ་ཀྲོ་དྷ་ཡ་མ་ཀརྨ་རོ་ཥ་ཎ་ཙཎྜ་རཀྵ་མནྟོ་ཨ་ཧཱུྃ་ཛཿསརྦ་ས་མ་ཡ་བྱད་ཁ་ཕུར་ཁ་མདོས་ཟོར་གཏད་ཁྲམ་ངན་པ་ཐམས་ཅད་ཕྱིས་ཕྱིས་ཁྲོལ་ཁྲོལ་དགྲ་གདོན་བགེགས་ཀྱི་སྟེང་དུ་བསྒྱུར་ཅིག༔ ཨེ་ས་མ་ཡ་བྷྱོ་བཟློག༔ དེ་ནས་མདོས་སྒོ་དབྱེ་བ་ནི༔ ཧཱུྃ༔ སྣང་ཞིང་སྲིད་པར་མངའ་མཛད་པ༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ མ་ལུས་འཁོར་དང་བཅས་པ་རྣམས༔ འདོད་ཡོན་བདུད་རྩིའི་སྐྱེམས་གཏོར་བཞེས༔ སྣང་སྲིད་མདོས་ཀྱི་སྒོ་ཕྱེས་ཤིག༔ མཆོག་ཐུན་དངོས་གྲུབ་བདག་ལ་སྩོལ༔ མདོས་ཟོར་དབལ་ཁ་དགྲ་ལ་ཕོབ༔ ཁྲམ་གྱི་བྱང་བུ་དགྲ་ལ་བསྒྱུར༔ གཤིན་རྗེའི་ཁྲམ་ཁ་དགྲ་ལ་སྟོན༔ ཡེ་ཤེས་མདོས་ཀྱི་ཟེར་འཕྲོས་ཏེ༔ བྱད་མ་རང་གཤེད་རང་ལ་ཕོབ༔ དགྲ་གདོན་བགེགས་ཚོགས་གནོད་སྦྱོར་ཤིག༔ དུས་ལ་བབ་བོ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ནས་མདོས་ལམ་བསྟན་པ་ནི༔ ཧཱུྃ༔ སྲིད་པ་མདོས་ཀྱི་ལམ་བསྟན་པ༔ དགུ་ཚིགས་སྐྱ་མོ་ཡས་ཀྱི་ལམ༔ ནམ་མཁའ་སྟོང་པ་ཀློང་རེ་ཡངས༔ རྒྱ་མཚོ་ཆེན་པོ་བཅུད་རེ་ཆེ༔ དེ་ལ་མདོས་ཀྱི་ལམ་བསྟན་འཚལ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ༔ སྡེ་བརྒྱད་འབྱུང་པོའི་ལམ་ཡིན་ཕྱིར༔ དེ་ལ་མདོས་ཀྱི་ལམ་བསྟན་འཚལ༔ རྟོག་པ་ཉིང་འཁྲུལ་ཀུན་གཞིའི་ཁམས༔ ཉོན་མོངས་བརྒྱད་ཁྲིའི་གནས་ཡིན་ཕྱིར༔ གདོན་བགེགས་འབྱུང་པོ་དེ་ལ་བརྟེན༔ ཆོས་ཉིད་སྟོང་པ་ལམ་རེ་ཡངས༔ མདོས་ཀྱི་ལམ་ནི་དེ་རུ་བསྟན༔ སླར་མ་ལྡོག་པར་བཞུད་ལ་སོང་༔ མདོས་གླུད་བདག་པོ་བདག་མོ་རྣམས༔ མདོས་ཀྱི་ཕྱག་རྒྱ་འདི་ལོངས་ལ༔ གནས་འདིར་མ་འདུག་གཞན་དུ་སོང་༔ ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ གློ་བུར་དགུ་བཅུ་རྩ་གཅིག་དང་༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་སོགས༔ མདོར་ན་མི་མཐུན་ཕྱོགས་རྣམས་ཀུན༔ མ་ལུས་བཟློག་བསྒྱུར་བྱེད་ཅིང་སོང་༔ བདག་ཉིད་ཧེ་རུའི་བཀའ་བྱུང་གིས༔ མྱུར་དུ་གཞན་དུ་འགྲོ་བར་གྱིས༔ བཀའ་དང་དམ་ལས་འདའ་གྱུར་ན༔ ཁྲོ་ཚོགས་མཚོན་ཐུན་ཕོ་ཉ་འཕྲོས༔ ཚར་གཅོད་རྡུལ་དུ་བརླག་པར་འགྱུར༔ དེ་བས་དམ་ལ་མ་འདའ་བར༔ རང་རང་སོ་སོའི་གནས་སུ་སོང་༔ ཨུ་ཙ་ཏ་ཡ་ཕཊ༔ ཧཱུྃ་བཞིའི་སྔགས་དང་དྲག་སྔགས་སོགས་ཀྱིས་བསྐྲད༔ མདོས་གླུད་ཆུ་རུ་བསྐྱལ༔ གནས་ཁང་ཐོ་ཕྱི་ཐམས་ཅད་དུ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཆུས་སྦྱངས་ཤིང་སྲུང་བའི་འཁོར་ལོ་བསྒོམ༔ བཀྲ་ཤིས་བརྩེགས་པ་འདོན་ཅིང་ཉའུ་གསོ་བ༔ སྲོག་བསླུ་ཆུ་གཏོར་སོགས་བསོད་ནམས་ཅི་འབྱོར་བསགས༔ དེ་ལྟར་གནད་དང་ལྡན་པ་ཡིས༔ གཞུང་བཞིན་དུ་ནི་སུས་སྤྱད་པ༔ འཆི་བདག་ཁ་རུ་ཚུད་ན་ཡང་༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ བདག་ཉིད་ཆེན་པོ་པད་འབྱུང་ངས༔ གདུལ་བྱའི་སེམས་ཅན་སྐྱོབ་པ་དང་༔ སྔགས་ཀྱི་རྣལ་འབྱོར་དཔལ་དུ་བཞག༔ ཐེ་ཚོམ་མེད་པར་ཉམས་སུ་ལོངས༔ དོན་གཉིས་འགྲུབ་པར་གདོན་མི་ཟ༔ བཀའ་སྲུང་གནོད་སྦྱིན་ཆེན་པོར་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་རིགས་སྲས་རྡོ་རྗེ་དགྲ་འདུལ་དང་སློབ་བུ་ཚུལ་ཁྲིམས་རྡོ་རྗེ་གཉིས་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་རྣལ་འབྱོར་ཕུན་ཚོགས་བཀྲ་ཤིས་ཀྱི་སྐྱེ་སྲིད་འཛིན་པ་ཞུ་བ་པོ་ཕྱི་མས་བགྱིས་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།