TTDL-ZABTER-14-PHA-036

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-036

བརྡ་ཡིག་༠༠༠༠༠༠༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ རིག་འཛིན་ཧཱུྃ་ཆེན་ཀཱ་རའི་ཞལ་ལུང་པདྨའི་དོ་ཤལ་བཞུགས་སོ༔ བརྡ་ཡིག་༠༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༣༡༦༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ ཐུགས་ཆོས་ཉིད་རོལ་པར་རོ་གཅིག་པའི༔ གདངས་གདུལ་བྱའི་སྣང་ངོར་ཆུ་ཟླའི་གར༔ ལྷ་ཨོ་རྒྱན་མཚོ་སྐྱེས་རྗེ་ལ་འདུད༔ ཡོས་གསེར་གྱི་རི་ལ་བབ་པའི་ལོར༔ ལྷོ་གཡུ་འབྲུག་སྔོན་མོའི་བློན་བྱེད་ཅིང་༔ གྲངས་བཅུ་ཕྲག་དམག་ལ་བབ་པ་ཡི༔ མཚོན་འོད་བརྒྱའི་གསལ་ལམ་ངོམས་པའི་ཚེ༔ ཉམས་འོད་གསལ་འདྲེས་པའི་སྣང་ཆ་ལ༔ གནས་ཟངས་མདོག་དཔལ་རི་ཡིན་སྐད་པའི༔ ཞིང་བཀོད་ལེགས་ཡོན་ཏན་ཕུན་ཚོགས་པ༔ སེམས་བདེ་སྟོང་རོ་ཡིས་མྱོས་བྱེད་པའི༔ གནས་དེ་རུ་འཇའ་འོད་གུར་ཁྱིམ་ནང་༔ ལྷ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་དབུས༔ དཔལ་རིག་འཛིན་རྒྱལ་པོ་ཧཱུྃ་ཀཱ་ར༔ སྐུ་རབ་ཏུ་བསྒྲེས་པའི་རྣམ་འགྱུར་ཅན༔ མི་བདག་ལ་སྤྱན་གྱིས་ཧྲིག་གེར་གཟིགས༔ ཞལ་འཛུམ་པའི་མདངས་ཀྱིས་འདི་སྐད་གསུངས༔ སྔོན་འཛིན་པ་ནག་པོའི་བསྐལ་པ་ལ༔ ཁྱོད་ང་དང་གཉིས་སུ་མེད་པ་སྟེ༔ ད་དབྱིངས་ཞིག་བསྐལ་པའི་དུས་ཤིག་ན༔ འབྲོག་ཁྱེའུ་ཆུང་ལོ་ཙཱ་དེ་རུ་ཤར༔ ཡང་བསྐལ་པ་དེ་ཡི་སྐབས་ཤིག་ན༔ གྲུམ་མཁར་ནག་ཅན་གྱིས་གདུལ་བྱ་འདུལ༔ ཡང་བསྐལ་པ་དེ་ཡི་སྐབས་ཤིག་ན༔ དཔལ་ཧེ་པ་ཆོས་འབྱུང་ཞེས་སུ་གྲགས༔ ཡང་བསྐལ་པ་དེ་ཡི་སྐབས་ཤིག་ན༔ དཔལ་ལྷ་བཙུན་སྔོན་མོས་གདུལ་བྱ་སྐྱོངས༔ ཡང་བསྐལ་པ་དེ་ཡི་དུས་སྐབས་ན༔ དཔལ་ཁྲག་འཐུང་བདུད་འདུལ་རྣམ་གཉིས་གྲགས༔ ད་བསྐལ་པ་སྡུད་བྱེད་དུས་འདི་ན༔ ང་གཞི་དབྱིངས་ངོ་བོར་སངས་རྒྱས་ཀྱང་༔ ཁྱོད་སྒྱུ་མའི་འཕྲུལ་བཞིན་རྩལ་དུ་ཤར༔ དོན་གཉིས་མེད་རོལ་པར་དབྱིངས་སུ་བསྡུ༔ ཞེས་ཟེར་ལན་དུ་ངས་འདི་སྨྲས༔ ཀྱཻ༔ གདོད་མ་གཞི་ཡི་སངས་རྒྱས་ལགས༔ ངས་ཚེ་གཅིག་ལྷ་བསྒོམ་སྔགས་ཀྱང་བཟླས༔ དོན་ཟབ་མོའི་འོད་གསལ་རྫོགས་ཆེན་བསྒོམ༔ ཕྱི་གཞན་དོན་འགྲུབ་པ་ལྟ་ཞོག་དང་༔ ནང་རང་དོན་སྤུ་ཙམ་མ་འགྲུབ་ཁར༔ རྐྱེན་བར་ཆད་ཡོ་ལངས་རླུང་ལྟར་གཡོས༔ ཆོས་སྒྲུབ་ལ་དོན་འགོ་མ་མཆིས་སམ༔ ངའི་ཆོས་ལ་བྱིན་ནུས་ཡོད་དམ་མེད༔ གཞན་བུ་སློབ་སྐྱོངས་ཚད་མ་སླེབས་སམ༔ དཔལ་རིག་འཛིན་བླ་མས་བསྟན་དུ་གསོལ༔ ཞེས་ཞུས་པས་གུ་རུས་བཀའ་སྩལ་པ༔ ཁྱོད་བསྐྱེད་རིམ་ནུས་པ་ཐིག་ལེར་ཐེབས༔ སེམས་ཡི་དམ་ལྷ་རུ་རྣམ་པར་སྨིན༔ དོན་ཆོས་ཉིད་བདེན་པ་མངོན་སུམ་མཐོང་༔ སྔགས་ནུས་པ་རྩ་རླུང་ལ་ཐེབས་མཐུས༔ ཁྱོད་མགྲིན་པ་ལོངས་སྤྱོད་རྩ་མདུད་གྲོལ༔ དེས་བརྡའ་དང་གདམས་པའི་གཏེར་མཛོད་རྡོལ༔ དོན་ངེས་གསང་སྙིང་པོ་བསྒོམས་པའི་མཐུས༔ ཚེ་འདི་རུ་ཆོས་སྐུའི་རྒྱལ་སྲིད་ཐོབ༔ ཡུལ་དད་ལྡན་རྒྱུད་ལ་རྟོགས་པ་འཕོ༔ དོན་ཡོན་ཏན་མངོན་དུ་གྱུར་དེ་ཀ༔ སྔོན་ཚེ་རབས་དུ་མའི་ལས་འབྲས་དང་༔ བདུད་སྨོན་ལམ་ལོག་པའི་སྟོབས་དབང་གིས༔ རྐྱེན་བར་ཆད་ཡོ་ལངས་སྐབས་སུ་འབྱུང་༔ སྔོན་ཨོ་རྒྱན་ཆེན་པོའི་ཞལ་ན་རེ༔ ང་ཡི་གཏེར་དང་འཕྲད་པའི་སྐྱེས་བུ་ལ༔ མི་རུང་བདུད་ཀྱི་ཆོ་འཕྲུལ་སྣ་ཚོགས་འབྱུང་༔ ཞེས་དང་༔ ང་ཡི་གཏེར་དང་འཕྲད་པའི་སྐྱེས་བུ་ལ༔ མི་དང་ལྷ་འདྲེས་ཕྲག་དོག་གདུག་རྩུབ་ཀྱིས༔ མི་ཡིས་སྐུར་འདེབས་མི་མིན་ཆོ་འཕྲུལ་སྟོན༔ ཅེས་དང་༔ ལས་འཕྲོ་ང་ཡི་གཏེར་དང་འཕྲད་པའི་ཚེ༔ བདུད་ཀྱི་སྐབས་ལྟ་གླགས་ཚོལ་རྒྱུ་རྐྱེན་གྱིས༔ སྐུར་འདེབས་ངན་སྨྲས་དགྲ་ཇག་ཆོམ་པོ་འབྱུང་༔ ཞེས་དང་༔ ལས་ཅན་ང་ཡི་གཏེར་དང་འཕྲད་པའི་ཚེ༔ རྒྱ་བོད་ལྷ་འདྲེ་མ་རུངས་ཐམས་ཅད་ཚོགས༔ ལེགས་པ་ལྟར་སྟོན་ཉེས་པ་སྣ་ཚོགས་འབྱུང་༔ ཞེས་སོགས་རྡོ་རྗེའི་ལུང་བཞིན་ཤེས་པར་མཛོད༔ རྫོགས་པའི་སངས་རྒྱས་དེ་བཞིན་གཤེགས་པ་ལ༔ སྡིག་ཏོ་བདུད་ཀྱིས་སྐབས་ཚོལ་གླགས་བལྟས་ནས༔ སྣ་ཚོགས་ལས་ཀྱི་ལ་ཡོག་འདོར་བས་ན༔ སྐྱེས་བུ་གཞན་ལ་འབྱུང་བ་ལྟ་ཅི་སྨོས༔ བརྫུས་སྐྱེས་སྤྲུལ་སྐུ་པདྨ་འབྱུང་གནས་ལ༔ མི་དང་མི་མིན་བར་ཆད་བརྩམ་ལ་ལྟོས༔ འགྲོ་བ་གཞན་ལ་འབྱུང་བ་སྨོས་ཀྱང་ཅི༔ དེ་ཕྱིར་ཡི་ཆད་བཏང་བ་བློ་རེ་ཆུང་༔ རང་རང་ལས་དང་སྐལ་པར་མི་ལྡན་ན༔ ཟབ་མོའི་ཆོས་དང་འཕྲད་ཀྱང་འཚེང་བ་མིན༔ སངས་རྒྱས་ཐུབ་པའི་འབངས་གྱུར་ལེགས་སྐར་དང་༔ པད་འབྱུང་འབངས་གྱུར་བདུད་བློན་བཙུན་མོ་སོགས༔ ལས་ངན་ལམ་ལས་བཟློག་ཐབས་མེད་བཞིན་དུ༔ དམུ་རྒོད་སྐལ་མེད་སེམས་ཅན་ལས་ངན་པ༔ ཆོས་སྒོར་བཙུད་ཀྱང་འཛུད་པར་འགྱུར་མིན་གྱི༔ སློབ་ངན་དག་ལ་སྡང་སེམས་མ་བྱེད་ཅིག༔ འཁོར་བ་མཐའ་ཅན་འགྱུར་ལ་ཅི་ཆ་ཡོད༔ བླ་མ་མཆོག་ལ་ཡོན་ཏན་ཕུན་ཚོགས་ཀྱང་༔ སློབ་མ་ལས་དང་སྐལ་བར་མི་ལྡན་ན༔ སྨིན་གྲོལ་ནུས་པ་འཇུག་པའི་ཡུལ་སྟོང་ངོ་༔ ཡིད་བཞིན་རིན་ཆེན་ཡོན་ཏན་གྱིས་བརྒྱན་ཀྱང་༔ བསྙེན་བཀུར་གསོལ་འདེབས་བྱེད་པའི་མི་མེད་ན༔ དགོས་འདོད་ལོངས་སྤྱོད་འབྱུང་བར་མི་འགྱུར་དཔེ༔ སྤང་ན་སྐྱོན་ཀུན་ཟད་པའི་སྐྱེས་བུ་ལ༔ མཐོང་ཐོས་ཐམས་ཅད་ཡོན་ཏན་མཆོག་ཏུ་མངོན༔ དེ་མིན་རང་སྐྱོན་ལྡན་པའི་སྐྱེས་བུ་ཡིས༔ མིག་ལ་སངས་རྒྱས་མཐོང་ཡང་སྐྱོན་དུ་མཐོང་༔ བླ་སློབ་སྐྱོན་བརྟགས་རྩར་གཅོད་སྤང་བ་གནད༔ གལ་ཏེ་སྐྱོན་བརྟགས་རྩར་གཅོད་བྱེད་དྲག་ན༔ དམ་ཉམས་རྡོ་རྗེ་དམྱལ་བར་ལྟུང་ངེས་འགྱུར༔ ཨེ་མ༔ ཡང་ཅིག་གསོན་དང་སྐལ་ལྡན་བུ༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་འཕྲུལ༔ ཟབ་ཆོས་དག་སྣང་སྐོར་གསུམ་དང་༔ མཁའ་འགྲོ་འདུས་པའི་སྙིང་ཐིག་ནི༔ དུས་གསུམ་རྒྱལ་བའི་དགོངས་རྒྱས་བཏབ༔ རིག་འཛིན་བླ་མས་དགོངས་རྒྱས་བཏབ༔ མ་དང་མཁའ་འགྲོས་བརྡ་རྒྱས་བཏབ༔ དམ་ཅན་རྒྱ་མཚོས་སྲོག་རྒྱས་བཏབ༔ དགོངས་པ་ཀློང་ཆེན་ཡངས་པ་རུ༔ ཏིང་འཛིན་ནམ་མཁའ་མཛོད་ཀྱི་འཕྲུལ༔ ཡེ་ཤེས་རོལ་པའི་བཅུད་དུ་དྲིལ༔ འབྲེལ་ཚད་རྣམ་པར་གྲོལ་བའི་ཆོས༔ གང་གིས་མཐོང་ཐོས་དྲན་རེག་མི༔ སྐྱེ་བ་བདུན་ནས་གྲོལ་བའི་སྟོབས༔ དེང་སང་རྟེན་འབྲེལ་དུས་བབས་དུས༔ གཏན་ལ་ཕབ་པའི་དུས་ཚིགས་ཡིན༔ གཏེར་སྒྲུབ་འོད་གསལ་སྦུབ་འཇུག་པ༔ ཡང་གསང་དོན་གྱི་སྒྲུབ་པ་ཡིན༔ སྔོན་བྱུང་ལུང་གིས་གྲུབ་པ་ཡང་༔ གཏེར་སྟོན་སངས་རྒྱས་བླ་མའི་གཏེར་ལུང་ལས༔ ལྔ་བརྒྱའི་དུས་སུ་ཁམས་ཀྱི་གསེར་ལུང་དུ༔ བདུད་འཇོམས་རྡོ་རྗེས་ཟབ་གཏེར་སྒོ་ཡང་འབྱེད༔ ཡང་ཅིག་བོན་པོ་ལྷ་འབུམ་གཏེར་ལུང་ལས༔ གཏེར་སྟོན་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་ཀྱིས༔ ཟབ་གཏེར་སྒོ་འབྱེད་སྙིང་ཐིག་བསྟན་པ་སྐྱོངས༔ ཡང་ཅིག་གྲུབ་ཐོབ་མཁར་ནག་གཏེར་ལུང་ལས༔ སྙིགས་མའི་ཡང་མཐར་ཁྱོད་ཉིད་ཡང་སྲིད་དེ༔ བདུད་འཇོམས་དཔའ་བོས་མཁའ་འགྲོའི་སྙིང་ཐིག་འདོམས༔ ཡང་ཅིག་སངས་རྒྱས་གླིང་པའི་གཏེར་ལུང་ལས༔ ཡབ་ནི་སྔགས་འཆང་རྣལ་འབྱོར་ཞིག་པོའི་ཚུལ༔ སྤྲོ་ཐུང་སྐྱོ་ཤས་བརྩོན་འགྲུས་ཆོས་ལ་སྤྱོད༔ སྨྱོན་པའི་མིང་ཅན་སྒྲུབ་ལ་མངའ་བརྙེས་འབྱུང་༔ ཡང་ཅིག་ཇ་རུང་སྨན་པའི་གཏེར་ལུང་ལས༔ མ་འོངས་བསྐལ་པ་རྩུབ་འགྱུར་ཡང་མཐའི་དུས༔ པད་འབྱུང་ང་ཉིད་བདུད་འཇོམས་རྡོ་རྗེར་སྤྲུལ༔ ཅེས་དང་ར་ཤག་པ་ཡི་གཏེར་ལུང་ལས༔ ཁམས་ཀྱི་ས་ཆར་འབྲོག་མིའི་སྤྲུལ་པ་འབྱུང་༔ སྙིང་གར་ཤ་མཚན་སྨུག་ནག་གྲུ་གསུམ་ཤར༔ ཡང་ཅིག་ཨོ་རྒྱན་གླིང་པའི་གཏེར་ལུང་ལས༔ གཏེར་སྟོན་རྡོ་རྗེ་ཁྲོ་ལོད་ཞེས་བྱ་འབྱུང་༔ ཡང་ཅིག་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས༔ གར་དབང་ལྷ་ཡི་མིང་ཅན་བརྟུལ་ཞུགས་ལྡན༔ མཆན་གཡས་སྨེ་བ་ནོར་བུའི་དབྱིབས་འདྲ་ཡོད༔ ཅེས་དང་བདུད་འཇོམས་རྡོ་རྗེ་ཁྱུང་དྲག་རྩལ༔ ཡང་ཅིག་གཡག་ཕྱར་སྔོན་མོའི་གཏེར་ལུང་ལས༔ སྙིགས་དུས་པད་འབྱུང་རྡོ་རྗེ་ཁྲོ་བོ་ལོད༔ མི་ཡི་རྫུ་ལ་ཞུགས་ནས་གདུལ་བྱ་སྐྱོངས༔ ཡང་ཅིག་བདུད་འདུལ་གཉིས་པའི་ཞལ་ན་རེ༔ ཆུ་སྦྲུལ་ལོ་ལ་ང་ཉིད་དབྱིངས་སུ་གཤེགས༔ ཤིང་མོ་ལུག་ལོར་ཁམས་ཀྱི་གསེར་ལུང་དུ༔ ང་ཉིད་བདུད་འཇོམས་རྡོ་རྗེ་ཞེས་བྱར་འགྱུར༔ ལུས་ལ་ལྟེ་སྨེ་སྙིང་གར་གྲུ་གསུམ་ཤར༔ རྣ་ལྟག་གཡས་སུ་སེང་ཞལ་སྨེ་ཤ་ཤར༔ ཟབ་གཏེར་རྣམ་གཉིས་སྒོ་འབྱེད་འབྲེལ་ཚད་ཀུན༔ ལྷོ་ནུབ་པདྨ་འོད་དུ་ལམ་སྣ་འདྲེན༔ ཡུམ་ཡང་ཤ་ཟ་ཌཱ་ཀིའི་སྤྲུལ་པ་མཆོག༔ པུཎྱེའི་མིང་ཅན་སྨྱོན་པའི་ཚུལ་དུ་སྤྱོད༔ དེ་ལ་སངས་རྒྱས་གླིང་པའི་གཏེར་ལུང་ལས༔ ཡུམ་ནི་དུར་ཁྲོད་ཌཱ་ཀིའི་རིགས་ཅན་ལ༔ རྒྱན་གྱི་མིང་འཛིན་ཁྲོ་གཏུམ་ཅན་ཞིག་འབྱུང་༔ བདུད་འདུལ་རྡོ་རྗེས༔ མཁའ་འགྲོའི་གཙོ་མོ་ལྷ་ལྕམ་ཁྲོམ་པ་རྒྱན༔ བུདྡྷའི་མིང་འཛིན་བདེ་ཆེན་རོལ་པར་སྟོབ༔ བལ་འབངས་སྤྲུལ་པ་སྒྲོན་གྱི་མིང་མཐའ་ཅན༔ བདེ་སྟོང་ཡེ་ཤེས་བསྐྱེད་པའི་མཛའ་ན་མོ༔ བུ་ཡང་ཆོས་རྒྱལ་ཡབ་སྲས་ཨ་ཙར་དབྱངས༔ ཡར་ལུང་སྦ་མིའི་སྤྲུལ་པ་དང་བཅས་འབྱུང་༔ དེས་དུས་རྗེ་འབངས་སྤྲུལ་པ་བཅུ་དྲུག་འཛོམ༔ ཅེས་གསུངས་པ་དང་༔ འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས༔ མགོ་དམན་ལ་ལྕགས་ཀྱི་མྱུ་གུ་འབྱུང་༔ མི་འགྱུར་ནམ་མཁའི་རྡོ་རྗེས༔ སྟག་སེར་ཁྲ་ལ་ཞོན་པའི་རྩ་བ་གསུམ༔ སྤྲུལ་པ་མཆོག་རྡོ་རྗེ་ཁྲོ་བོ་ལོད༔ ཤར་དེ་ནས་ཆུ་ལྷའི་ཕྱོགས་སུ་འབྱོན༔ འོད་བརྒྱ་པར་རི་བོང་འཛིན་པ་ཤར༔ ཅེས་སོགས་ལུང་གིས་བསྟན་པ་མང་ལགས་ཀྱང་༔ མདོ་ཙམ་ལས་ནི་མ་སྨྲོས་གྲངས་ལ་འཛེམས༔ དེ་ལྟར་འཕགས་པའི་ལུང་གིས་གྲུབ་པ་ཡིས༔ ཟབ་མོའི་ཆོས་ལ་ཐེ་ཚོམ་མ་བྱེད་དང་༔ གདུལ་བྱ་དུས་ལ་ཅུང་ཟད་མ་བབས་ཀྱིས༔ དུས་བབ་ཚད་དུ་ཕྱིན་ཚེ་འགྲོ་དོན་འབྱུང་༔ དེང་དུས་དཔོན་སློབ་ཀུན་གྱི་དད་བརྩོན་ནས༔ ངེས་པར་དངོས་གྲུབ་ཐོབ་ངེས་རེ་བྱེད་ན༔ གདུལ་བྱ་ཐེར་འབུམ་ཡང་དག་ས་ལ་སྦྱོར༔ ཁྱད་པར་ཁྱོད་ནི་སེ་ཕུང་ནག་པོ་དང་༔ མུ་སྟེགས་ལྟ་བ་ལོག་པའི་ཁ་གནོན་ཏེ༔ ཕྱི་རོལ་རིག་སྔགས་བཟློག་པའི་ཐབས་ལ་འབད༔ ཅེས་གསུངས་པ་ལ་བདག་གིས་འདི་སྐད་ཞུས༔ ཀྱཻ་ཧོཿརྒྱལ་བའི་སྤྱི་གཟུགས་བླ་མ་རྗེ༔ ཐུགས་རྗེ་བརྩེ་བ་ཆེན་པོས་དགོངས༔ བདག་གི་སྡང་བའི་དགྲ་འདི་ལ༔ འདུལ་བའི་སྔགས་མཁན་སུ་ལ་བྱེད༔ འདུལ་བྱེད་བཀའ་སྲུང་གང་གིས་མཆོག༔ མ་ཧཱ་གུ་རུས་བསྟན་དུ་གསོལ༔ མ་ཧཱ་གུ་རུའི་ཞལ་ན་རེ༔ ཀྱཻ་ཧོཿསྐལ་ལྡན་སྐྱེས་བུ་དམ་པ་ཁྱོད༔ སྡང་དགྲ་འདུལ་བའི་སྔགས་མཁན་གྱི༔ དཔུང་གཡས་སྨེ་ནག་སུམ་ཚོམ་ཤར༔ མངོན་སྤྱོད་གྲུབ་པའི་སྔགས་མཁན་གྱི༔ མཁལ་ཁུང་གཡོན་ན་སྨེ་ཤ་ཡོད༔ མངོན་སྤྱོད་གྲུབ་པའི་སྔགས་མཁན་གྱི༔ སོག་པ་གཡས་སྟེང་སྨེ་བ་ཡོད༔ མངོན་སྤྱོད་གྲུབ་པའི་སྔགས་མཁན་གྱི༔ པུས་མོའི་སྟེང་ན་སྨེ་བ་ཡོད༔ མངོན་སྤྱོད་གྲུབ་པའི་སྔགས་མཁན་གྱི༔ མིག་འོག་སྨེ་བའི་ཐིག་ཚོམ་ཡོད༔ མངོན་སྤྱོད་གྲུབ་པའི་སྔགས་མཁན་གྱི༔ ལག་རྒྱབ་སྨེ་བའི་ཚོམ་བུ་ཡོད༔ མངོན་སྤྱོད་གྲུབ་པའི་སྔགས་མཁན་གྱི༔ ལག་མཐིལ་གཡས་སུ་སྨེ་བ་ཡོད༔ མངོན་སྤྱོད་གྲུབ་པའི་སྔགས་མཁན་གྱི༔ ནུ་མ་གཡོན་འོག་སྨེ་བ་ཡོད༔ མངོན་སྤྱོད་གྲུབ་པའི་སྔགས་མཁན་གྱི༔ མགུལ་ལ་སྨེ་བའི་ཕྲེང་བ་ཤར༔ མངོན་སྤྱོད་གྲུབ་པའི་སྔགས་མཁན་གྱི༔ ཟ་འགྲམ་སྟེང་ན་སྨེ་ཤ་ཡོད༔ མངོན་སྤྱོད་གྲུབ་པའི་སྔགས་མཁན་གྱི༔ ལུས་ལ་མེ་ལྕེའི་རི་མོ་ཡོད༔ མངོན་སྤྱོད་གྲུབ་པའི་སྔགས་མཁན་གྱི༔ བྲང་ལ་ཤ་མཚན་མིག་འདྲ་ཡོད༔ མངོན་སྤྱོད་གྲུབ་པའི་སྔགས་མཁན་གྱི༔ རྩིབ་ལོག་གཡོན་ན་སྨེ་བ་ཡོད༔ མངོན་སྤྱོད་གྲུབ་པའི་སྔགས་མཁན་གྱི༔ རྒྱབ་ཤ་སྨེ་ཤ་ནག་པོ་ཡོད༔ མངོན་སྤྱོད་གྲུབ་པའི་སྔགས་མཁན་གྱི༔ ལུས་ལ་སྨེ་དཀར་ཐིག་པ་ཤར༔ འདི་དག་མངོན་སྤྱོད་ལས་ལ་དབང་༔ བཀའ་སྲུང་གནོད་སྦྱིན་ཆེན་པོ་ལ༔ དགྲ་སྲོག་དམར་འབྱིན་ནུས་པ་ཡོད༔ དྲང་སྲོང་ཁྱབ་འཇུག་ཆེན་པོ་ལ༔ དགྲ་དབུགས་འཕྲོག་པའི་ནུས་པ་ཡོད༔ བཀའ་སྲུང་བདུད་མགོན་ནག་པོ་ལ༔ དགྲ་སྙིང་དམར་འབྱིན་ནུས་པ་ཡོད༔ དྲང་སྲོང་ཁྱབ་འཇུག་ཆེན་པོ་ནི༔ མཚན་མོ་མུན་པའི་སྨག་ལ་རྦད༔ བཀའ་སྲུང་གནོད་སྦྱིན་དམར་ནག་ནི༔ དགུང་མོ་དམར་ཐག་ཆད་དུས་རྦད༔ གུང་གཉིས་མ་འཆུག་དུས་སུ་རྦད༔ དེ་ཡིས་དགྲ་བོ་ངེས་པར་སྒྲོལ༔ ཅེས་གསུངས་སོ༔ ཡང་བདག་གིས༔ ཀྱཻ༔ ཁྱབ་བདག་རྒྱལ་པོ་བླ་མ་རྗེ༔ བདག་གི་ཟབ་ཆོས་བཀའ་བབ་པའི༔ ཆོས་ཀྱི་བདག་པོ་ཇི་ལྟར་ལགས༔ སྔོན་གྱི་ལས་འབྲེལ་གང་ལ་ཡོད༔ གུ་རུ་ཉིད་ཀྱིས་བསྟན་དུ་གསོལ༔ ཞེས་ཞུས་གུ་རུའི་ཞལ་སྔ་ནས༔ ཉོན་ཅིག་ཁྲག་འཐུང་བདུད་འཇོམས་གླིང་༔ སྔོན་ཚེ་དཔལ་གྱི་བསམ་ཡས་སུ༔ མཁན་སློབ་ཆོས་རྒྱལ་ཞལ་སྔ་རུ༔ རྗེ་འབངས་འབངས་ཚོགས་འདུ་བ་མཛད༔ དེ་ཚེ་མངའ་བདག་རྒྱལ་པོ་ཡིས༔ ཀྱཻ༔ དུས་གསུམ་མཁྱེན་པའི་སངས་རྒྱས་ལགས༔ དེ་རིང་ཚོགས་ཀྱི་དགའ་སྟོན་དུས༔ མ་འོངས་བསྐལ་པའི་སྙིགས་མ་ལ༔ གདུལ་བྱའི་མགོན་དུ་སྐྱེས་བུ་གང་༔ དེ་རིང་དབང་བསྐུར་ལུང་བསྟན་གསོལ༔ དེ་ཚེ་ཨོ་རྒྱན་ཆེན་པོ་ཡིས༔ ཀྱཻ༔ ཉོན་ཅིག་མངའ་བདག་ཆོས་ཀྱི་རྒྱལ༔ རྩུབ་འགྱུར་དུས་ཀྱི་བསྐལ་པ་ལ༔ བདུད་པོ་མི་སྲུན་སྤུན་གསུམ་གྱིས༔ ཧོར་གྱི་ཡུལ་འཛིན་རྒྱལ་ཁམས་དཀྲུགས༔ དེ་དུས་མངའ་བདག་རྒྱལ་པོ་ཉིད༔ གླིང་རྗེ་གེ་སར་དགྲ་འདུལ་གྲགས༔ དེ་ལ་གྲུབ་ཆེན་སུམ་ཅུས་བསྐོར༔ བདུད་ཡུལ་མུན་པའི་གྲོང་ཁྱེར་བཅོམ༔ སེ་ཕུང་སྤྲུལ་པ་སྟོད་དུ་འབྲོས༔ དེ་ལ་སྟོད་ཧོར་ཞེས་བྱ་བའི༔ མུ་ཏོ་བདུད་ཀྱི་ཡུལ་གཅིག་འབྱུང་༔ སྙིགས་དུས་བོད་ཁམས་འཇོམས་པར་ཆས༔ དེ་ཚེ་ཁྱེའུ་ཆུང་ལོ་ཙཱ་ཉིད༔ བདུད་འདུལ་རྡོ་རྗེའི་སྐུར་བཞེངས་ནས༔ རྡོ་རྗེ་བཅུ་གསུམ་འཁོར་དང་བཅས༔ ཡང་ཟབ་གཏེར་གྱིས་གདུལ་བྱ་སྐྱོངས༔ སྤུ་རི་དྭགས་རྫོང་ཕུག་ཉིད་ནས༔ ཡང་ཟབ་གཏེར་སྨྱོན་སྤྱོད་པའི་ཚེ༔ སྟོད་ཧོར་གདུག་པའི་མགོ་འཕང་མནོན༔ དེ་འོག་ཙཱ་རིའི་ཉེ་འདབས་སུ༔ བདུད་པོ་ཐོད་ཁུར་ཅན་གྱི་སྡེས༔ བོད་ཁམས་མི་བདེའི་ལ་ཡོག་འདོར༔ དེ་ཕྱིར་ཁྱེའུ་ཆུང་ལོ་ཙཱ་ཡང་༔ བདུད་འདུལ་དྲག་པོ་རྩལ་དུ་བཞེངས༔ པདྨ་བཀོད་དང་འབྲས་ལྗོངས་ནས༔ ཟབ་མོ་གཏེར་གྱི་སྒོ་ཕྱེས་ནས༔ ནག་པོ་བདུད་ཀྱི་མགོ་འཕང་གནོན༔ དེ་འོག་སེ་ཕུང་སྨོན་ལོག་པས༔ བདུད་ཀྱི་སྤྲུལ་པ་བདུན་བྱུང་ནས༔ དམེ་འཁྲུགས་མཚོན་གྱི་ཡོ་ལངས་འགྱེད༔ སྟག་ལ་མཚོན་གྱི་སྡོང་པོ་འབྱུང་༔ འཁོར་བའི་ཁྲག་གི་ཆར་པ་འདེབས༔ མགོ་ཡུལ་ལ་ལ་དུག་སྡོང་སྐྱེས༔ གཡབ་པའི་རླུང་གིས་ཡུལ་འགའ་འཇོམས༔ རྗེས་ལ་དུག་སྦལ་མགོ་དགུ་འབྱུང་༔ ཁ་རླངས་འཚུབས་མས་གྲོང་འགའ་སྡུད༔ གསེར་གྱི་མེ་ཏོག་གཅིན་གྱིས་བསྐམ༔ རྒྱ་མ་བོད་དུ་བདུད་བྱ་འབྱུང་༔ ཁྲག་གིས་ལུས་བྱུག་དབུས་སུ་འགྲོ༔ ངང་ཁྱུ་དཀྲུགས་ཅིང་འཁྲུགས་པ་ཡིས༔ འཐབ་འཁྲུགས་རོ་ཡི་གྲམ་ཁྲོད་བརྡལ༔ ཧོར་ལ་སྦྲུལ་ནག་སྟོབས་ལྡན་འབྱུང་༔ རྒྱལ་པོའི་དབང་འཕྲོག་ལུགས་གཉིས་འཛིན༔ ངང་པའི་ཁ་ན་གླ་རྩི་བྱུང་༔ རླངས་ཕོག་ཙམ་ནས་ཟ་ཁ་བརྡེབ༔ ངང་ཁྱུ་གྲངས་མང་མགུལ་དུ་གྲུབ༔ ཤི་བའི་རོ་ལས་དུག་རླུང་མཆེད༔ ཁྲག་ཆར་འབེབ་ཅིང་མི་རོ་བསྙིལ༔ ལྒ་ཡི་ཡུལ་དུ་མེ་སྟག་ཤར༔ རླུང་གིས་བསྐྱོད་ཅིང་སོག་ལས་འཕེན༔ རྩྭ་ཕུང་འབར་ནས་སྟག་དམར་གྱི༔ ཉེས་མེད་དམན་ལ་ཚ་དབལ་འབེབ༔ གླིང་སྡེ་མཚམས་ནས་ན་བུན་ལང་༔ དེ་ལས་གཡུ་འབྲུག་གནམ་ལ་འགྲོ༔ ཐོག་གི་ཆར་པ་ས་ལ་འབེབས༔ ལྕགས་ཀྱི་རི་ལ་ངར་ཡང་བླུད༔ མ་ཉེས་ཉམ་ཆུང་ཁྲག་ཏུ་རོལ༔ དེ་དུས་ཁྱེའུ་ཆུང་ལོ་ཙཱ་ཡང་༔ བདུད་འཇོམས་རྡོ་རྗེ་ཁྲོ་ལོད་སྤྲུལ༔ ཐུགས་དགོངས་ཀློང་ཆེན་ཡངས་པ་ནས༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་རྡོལ༔ འོད་གསལ་བདེ་ཆེན་རོལ་པ་ནས༔ ཟབ་ཆོས་དགོངས་པ་ཀློང་ནས་རྡོལ༔ ཆོས་ཉིད་སྒྱུ་མར་རོལ་པ་ལས༔ དག་སྣང་ཡེ་ཤེས་དྲྭ་བ་འཆར༔ ཁམས་ཀྱི་རྡོར་བྲག་དམར་ནག་ལས༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་འབྱིན༔ དེ་ཚེ་ཁམས་ཀྱི་སྡེ་དགེ་རུ༔ དཔལ་གྱི་ཡེ་ཤེས་སྤྲུལ་པ་ལས༔ གྲུབ་བརྙེས་རྒྱ་མཚོའི་མིང་མཐའ་ཅན༔ གཏེར་ཆེན་འགའ་ཡི་ཆོས་བཅུད་བསྡུ༔ བདེ་སྟོང་བཅུད་ལ་རོལ་ཞིང་སྤྱོད༔ ཡུལ་དེར་ལང་གྲོའི་སྤྲུལ་པ་མཆོག༔ གྲུབ་བརྙེས་ཨ་ཡུའི་མིང་ཅན་འབྱུང་༔ ཨ་ནུའི་བཅུད་ལེན་ཁ་ཏོག་བཞིའི༔ གོས་འཆང་བཟོ་རིག་ནོར་དུ་བཀོལ༔ རྟེན་འབྲེལ་གཞན་ལ་སྨོད་ངན་གྱིས༔ ཡུལ་ལ་ཕན་པ་ཡང་དེ་ཙམ༔ གྲུབ་བརྙེས་རྒྱལ་བ་བྱང་ཆུབ་ཀྱི༔ སྤྲུལ་པ་མེད་ཀྱི་མིང་མཐའ་ཅན༔ རྫུ་འཕྲུལ་མངོན་ཤེས་མ་ངེས་འདོམས༔ རྒྱ་འདྲེ་མེ་ཞོན་ཁ་ཡང་གནོན༔ དེ་དུས་སྐྱེས་མཆོག་བདུད་འཇོམས་པའི༔ ཟབ་གཏེར་ཞལ་ཕྱེས་དེའི་ཟིལ་གྱིས༔ ནག་པོ་བདུད་ཀྱི་མགོ་འཕང་གནོན༔ དེ་ཚེ་ནག་ཕྱོགས་མི་སྲུན་པས༔ བར་ཆད་རྒོལ་བའི་ལ་ཡོག་འདོར༔ དེ་ལ་མནན་བསྲེགས་ལས་བརྩོན་གནད༔ ཆོས་བདག་ད་ལྟའི་རྗེ་འབངས་འགའ༔ འཛིན་སྐྱོང་བསྒྲུབ་བརྩོན་བསྟན་ལ་གདུང་༔ གདུལ་བྱའི་འགྲོ་དོན་ངང་གིས་འབྱུང་༔ སྨོན་ལམ་ལས་ཅན་སྐྱེས་བུ་རྣམས༔ མངའ་བདག་ཁྱོད་ཉིད་དེ་ཡི་སྲས༔ དབང་གི་མིང་འཛིན་བསྟན་འགྲོ་གསོ༔ གྲུབ་བརྙེས་ཟབ་མོའི་གཏེར་ལ་སྤྱོད༔ མ་ངེས་སྤྱོད་པས་ལོག་འདྲེན་འདུལ༔ ལྷ་སྲས་མུ་རུམ་བཙན་པོ་ཡང་༔ རིགས་སྲས་བསོད་ནམས་མིང་དུ་གྲགས༔ མཁས་གྲུབ་བརྙེས་ཤིང་ཟབ་གཏེར་སྤྱོད༔ བོད་ཁམས་གཉིས་ཀྱི་མུན་པ་སེལ༔ ངའི་བུ་ཨཱཪྻ་དཔལ་དབྱངས་ཉིད༔ རིགས་སྲས་རྡོ་རྗེའི་མིང་མཐའ་ཅན༔ རྟོགས་པ་མངོན་གྱུར་དངོས་གྲུབ་བརྙེས༔ འབྲེལ་ཚད་རིག་འཛིན་ས་ལ་སྦྱོར༔ ཡར་ལུང་སྦ་མི་ཁྲི་གཞེར་ཡང་༔ རིགས་སྲས་ཤེས་རབ་ཉི་མར་སྤྲུལ༔ ཡི་དམ་མངོན་གྱུར་བཀའ་སྲུང་འདུ༔ མཐུ་སྟོབས་རྡོ་རྗེ་ཅན་ལ་འགྲན༔ རྒྱལ་པོའི་སྲས་མོ་པདྨ་འདི༔ མཁའ་འགྲོ་པད་མའི་མིང་དུ་གྲགས༔ ལོག་པ་བདུད་ཀྱིས་མ་བསླད་ན༔ ཟང་ཐལ་དྲི་མེད་ལུས་ཐོབ་འགྱུར༔ དེ་ལྟར་མཆོག་གི་སྤྲུལ་སྐུ་ལྔས༔ བྱེ་མ་སྙེད་གྲངས་འགྲོ་བ་འདྲེན༔ གཡུ་སྒྲ་རྗེ་ཡི་མིང་མཐའ་ཅན༔ སྒྲུབ་བརྩོན་མངོན་ཤེས་གཞན་ལ་འདོམས༔ ལྷ་དཔལ་མཆོག་གི་མིང་མཐའ་ཅན༔ ལྟ་བ་ནམ་མཁའི་ཀློང་ལ་འགྲན༔ སྙིང་རྗེ་པདྨ་ཅན་ལ་འགྲན༔ འབྲེལ་ཚད་མངོན་དགའི་ཞིང་དུ་འཕེན༔ སྣ་ནམ་རྡོ་རྗེ་བདུད་འཇོམས་པ༔ སྐྱེས་མཆོག་མེད་ཀྱི་མིང་མཐའ་ཅན༔ རྒྱུད་དུལ་ཕྲ་ཡང་དབང་པོ་རྣོ༔ ལྟ་བའི་གདིང་མཐོ་འབྲེལ་ཐོགས་འདྲེན༔ མཚོ་རྒྱལ་སྤྲུལ་པ་རྡོ་རྗེའི་མིང་༔ མ་ངེས་སྤྱོད་པ་ཅིར་ཡང་སྤྱོད༔ བཻ་རོའི་སྤྲུལ་པ་དྷརྨའི་མིང་༔ ངེས་མེད་གནས་ལ་སྤྲོ་ཞིང་རྒྱུ༔ ཅོག་རོའི་སྤྲུལ་པ་པདྨའི་མིང་༔ སྒོམ་སྒྲུབ་མཐར་ཕྱིན་འཇའ་ལུས་ཐོབ༔ སྐ་དཔལ་བཅུ་པའི་མིང་མཐའ་ཅན༔ མཁས་ཤིང་གྲུབ་པ་མངོན་དུ་གྱུར༔ ཡེ་ཤེས་དབྱངས་སྤྲུལ་ག་གའི་མིང་༔ སྤྲོ་ཐུང་སྙིང་རུས་ཆོས་ལ་སྤྱོད༔ རྒྱལ་བའི་བློ་གྲོས་སྤྲུལ་པ་ཉིད༔ ག་ཎ་པ་ཏིའི་མིང་ཅན་ནོ༔ སྲོང་བཙན་སྒམ་པོའི་སྤྲུལ་པ་ཉིད༔ སུ་ཁ་བཛྲ་མིང་མཐའ་སྟེ༔ ལྷ་ལུང་དཔལ་རྡོར་སྤྲུལ་པ་ཉིད༔ སིདྡྷིའི་མིང་ཅན་སྐྱེས་བུ་སྟེ༔ དྲན་པ་ནམ་མཁའི་སྤྲུལ་པ་ཉིད༔ རྒྱལ་གྱི་མིང་མཐའ་ཅན་དེ་ཀ༔ མཁར་ཆེན་རྒྱལ་གྱི་སྤྲུལ་པ་ཉིད༔ སྔགས་ཀྱི་སྐྱེས་བུ་སང་གའི་མིང་༔ སངས་རྒྱས་ཡེ་ཤེས་སྤྲུལ་པ་ལས༔ རྣལ་འབྱོར་མཚན་གྱི་མིང་མཐའ་ཅན༔ པ་གོར་ཧེ་འདོད་སྐྱེ་རྒྱུད་ལས༔ རྣལ་འབྱོར་ཤྲཱིའི་མིང་མཐའ་ཅན༔ བུང་བ་མགོན་དར་སྐྱེ་རྒྱུད་ལས༔ དྲ་ཡའི་མིང་མཐའ་འཛིན་པ་སྟེ༔ རྨ་ཐོག་རིན་ཆེན་སྤྲུལ་པ་ལས༔ སྐྱེས་མཆོག་ནོར་བུའི་མིང་མཐའ་ཅན༔ འོ་བྲན་དབང་ཕྱུག་སྤྲུལ་པ་ལས༔ སྐྱེས་མཆོག་རཏྣའི་མིང་ཅན་འབྱུང་༔ འབྲོག་མི་དཔལ་གྱི་སྤྲུལ་པ་ལས༔ སྐྱེས་མཆོག་བཱིདྱའི་མིང་ཅན་འབྱུང་༔ ནམ་མཁའི་སྙིང་པོའི་སྤྲུལ་པ་ལས༔ སྐྱེས་མཆོག་བོ་དྷིའི་མིང་ཅན་འབྱུང་༔ འདི་ལྟར་མདོར་ན་བཀའ་བབ་ཀྱི༔ ཆོས་བདག་སྐྱེས་བུ་གང་ཡང་རུང་༔ གཏེར་ཆེན་མཆོག་དེར་དད་པ་དང་༔ ཟབ་ཆོས་ཉམས་སུ་ལེན་ལ་གདུང་༔ ཐེག་པ་ཆེན་པོའི་ཆོས་ལ་མོས༔ སྨོན་ལམ་ལས་ཀྱི་མཐུ་བཙན་པས༔ ལས་ཅན་སྐྱེས་བུ་དེ་དག་ཀུན༔ འབོད་བསྡུ་མེད་པར་ངང་གིས་འདུ༔ དེ་ཚེ་ལས་ཅན་སྐྱེས་བུ་འགའ༔ གཏན་དུ་བདེ་བའི་ས་ལམ་བསྒྲོད༔ སྐྱིད་པའི་ཉི་མ་ལན་ཅིག་འཆར༔ སྨོན་ལམ་ལོག་པའི་སྐྱེས་བུ་འགས༔ སྐྱོན་དུ་མཐོང་ཞིང་གཤེ་སྐུར་འདེབས༔ ཞེས་གསུངས་དེ་ནས་སྟོན་འཁོར་གྱིས༔ སྨོན་ལམ་ཆེན་པོའི་མཐུ་ཡང་སྦྲན༔ དེ་དོན་ཤེས་མཛོད་བདུད་འཇོམས་པ༔ ཡང་ཅིག་གསོན་དང་སྐྱེས་བུ་ཁྱོད༔ སྒྲུབ་པའི་བཀའ་བབ་སྐྱེས་བུ་ནི༔ པདྨའི་སྤྲུལ་པ་ཤ་སྟག་འབྱུང་༔ དེ་ཡང་བཤད་ཀྱི་ལེགས་པར་ཉོན༔ བཀའ་བབ་འདུལ་གྱི་མིང་མཐའ་ཅན༔ བཞིན་ནག་སྤྲོ་ཐུང་སྙིང་རུས་ལྡན༔ ལྷུན་གྲུབ་བཀོད་པ་ལོངས་སྤྱོད་ཅིང་༔ ཡང་དག་རྫོགས་པའི་སངས་རྒྱས་ཐོབ༔ དེའི་མཐུས་བསྟན་པ་མཐའ་ནས་རྒྱས༔ བཀའ་བབ་རྒྱ་མཚོའི་མིང་མཐའ་ཅན༔ ཟ་འགྲམ་བཞིན་ལ་སྨེ་ཤ་ཡོད༔ དབྱིངས་རིག་མཉམ་བརྡལ་ངང་སྤྱོད་ན༔ འོད་ཀྱི་སྤྲིན་དཔུང་མཁའ་ལ་འདྲེས༔ དེས་ཀྱང་བསྟན་ལ་ཕན་ཆེར་བཏགས༔ བཀའ་བབ་བློ་ཡི་མིང་མཐའ་ཅན༔ བཞིན་སྔོ་སྐྱོ་ཤས་སྙིང་རུས་འཛོམས༔ གསང་ཆེན་རྩེ་མོར་སྤྱོད་གྱུར་ན༔ འཇའ་ལུས་རྡོ་རྗེའི་སྐུ་ཡང་ཐོབ༔ དེས་ཀྱང་བསྟན་ལ་ཕན་ཆེར་འབྱུང་༔ བཀའ་བབ་ཛྙཱ་ན་རསྨི་ཡི༔ འོད་གསལ་གསང་ལམ་ལ་སྤྱོད་ནས༔ བར་ཆད་རླུང་གིས་མ་ཁྱེར་ན༔ འཇའ་ལུས་སྒྱུ་མའི་སྐུ་ཡང་ཐོབ༔ བསྟན་ལ་ཕན་པ་དཔག་ཏུ་མེད༔ བཀའ་བབ་པདྨ་མངྒ་ཡི༔ གསང་ཆེན་འོད་གསལ་ལྷུམས་འཇུག་ན༔ ཡེ་ཤེས་སྒྱུ་མའི་སྐུ་བརྙེས་འགྱུར༔ བསྟན་ལ་ཕན་པ་བླ་ན་མེད༔ བཀའ་བབ་རིག་པའི་མྱུ་གུ་ཡི༔ འོད་གསལ་གསང་ལམ་ལ་སྤྱོད་ན༔ ཟད་པ་ལྔ་ཡི་སྐྱེ་མཆེད་ཀྱིས༔ གྲུབ་པ་བརྒྱད་ལ་ཐོགས་པ་མེད༔ འཇའ་ལུས་འཕོ་ཆེན་སྐུ་བརྙེས་ཤིང་༔ བསྟན་ལ་ཕན་པ་དཔག་ཏུ་མེད༔ བཀའ་བབ་དྷརྨ་བཛྲ་གྱིས༔ གསང་ཆེན་རྩེ་མོར་སྤྱོད་གྱུར་ནས༔ བར་ཆད་རྐྱེན་ལ་མ་ཤོར་ན༔ གྲུབ་བརྒྱད་རྩེ་འཇོ་རོལ་པའི་གར༔ བསྡུ་ཚེ་ཡེ་ཤེས་སྒྱུ་མར་བསྡུ༔ བསྟན་ལ་ཕན་པ་བླ་ན་མེད༔ བཀའ་བབ་པུཎྱཻ་ཤྲཱི་ཡིས༔ འོད་གསལ་གསང་ལམ་ལ་སྤྱོད་ན༔ འཇའ་ལུས་རིག་འཛིན་ཨ་ལ་ལ༔ བསྟན་ལ་ཕན་པ་བླ་ན་མེད༔ བཀའ་བབ་རྒྱན་གྱི་མིང་མཐའ་ཅན༔ མདོག་དཀར་རྒྱུད་འཇམ་སྒྲུབ་ལ་མོས༔ བར་ཆད་རླུང་གིས་མ་བསླུས་ན༔ དངོས་གྲུབ་མཆོག་ལ་ལོངས་སྤྱོད་འགྱུར༔ བཀའ་བབ་བྷ་དྲའི་མིང་མཐའ་ཅན༔ བོང་ཆེ་བློ་རྣོ་ཕྲག་ཀྱང་ཡང་༔ བར་ཆད་སད་ཀྱིས་མ་ཁྱེར་ན༔ འོད་གསལ་གསང་བའི་ལམ་མཆོག་གིས༔ སྤྱན་དང་མངོན་པར་ཤེས་པ་འཐོབ༔ ཚེ་འདིར་གྲོལ་བར་གདོན་མི་ཟ༔ བཀའ་བབ་མཆོག་གི་མིང་ཅན་ནི༔ མུ་ཏོ་བདུད་ཀྱིས་མ་བསླུས་ན༔ འོད་གསལ་གསང་བ་ལ་བརྟེན་ནས༔ བླ་མ་མཆོག་ལ་དད་གུས་ན༔ མི་འཇིགས་གདིང་ཆེན་མངོན་ཐོབ་འགྱུར༔ བཀའ་བབ་རབ་ཀྱི་མིང་མཐའ་ཅན༔ བླ་མར་གདུང་བ་གཞིར་བཞག་ནས༔ འོད་གསལ་གསང་ལམ་ལ་སྤྱོད་ན༔ འཇའ་ལུས་ཐོབ་གྱུར་གདོན་མི་ཟ༔ དེས་ཀྱང་བསྟན་ལ་ཕན་ཆེར་བཏགས༔ བཀའ་བབ་དྷརྨ་དྷརྟུ་ཡི༔ ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ལ༔ བསྟེན་ནས་འོད་གསལ་གསང་ཆེན་ལམ༔ སྤྱོད་པས་ཡེ་ཤེས་སྒྱུ་མ་འགྲུབ༔ བཀའ་བབ་དགེ་བའི་མིང་ཅན་གྱིས༔ རྡོ་རྗེ་ཕུར་པ་ལ་བརྟེན་ནས༔ གསང་ཆེན་ཟབ་ལམ་ལྷུར་བླངས་ན༔ ཁྱབ་བདག་གདོད་མའི་དབྱིངས་སུ་གྲོལ༔ བཀའ་བབ་བསམ་གྱི་མིང་ཅན་དེས༔ རྟ་མགྲིན་ནག་པོ་ལ་བརྟེན་ནས༔ འོད་གསལ་གསང་ལམ་ལ་སྤྱོད་ན༔ འཇའ་ལུས་ཐོབ་ཅིང་གདུལ་བྱ་འདུལ༔ བཀའ་བབ་རྣམ་གྱི་མིང་ཅན་ཏེ༔ རྡོ་རྗེ་ཁྲོ་ལོད་ལ་བསྟེན་ནས༔ འོད་གསལ་གསང་ལམ་ལ་སྤྱོད་ན༔ འཇའ་ལུས་ཐོབ་ཅིང་གདུལ་བྱ་འདུལ༔ བཀའ་བབ་ལྷ་ཡི་མིང་ཅན་གྱིས༔ གསང་བདག་སྒྲུབ་པ་ལ་བརྟེན་ནས༔ འོད་གསལ་གསང་ཆེན་ལྷུར་ལེན་ན༔ རྣམ་མཁྱེན་ཡང་དག་ས་མཆོག་ཐོབ༔ བཀའ་བབ་ཚེ་ཡི་མིང་ཅན་གྱིས༔ བདེ་ཆེན་རྒྱལ་པོ་ལ་བརྟེན་ནས༔ འོད་གསལ་གསང་ཆེན་སྒོར་ཞུགས་ན༔ ཚེ་ལ་དབང་བའི་རིག་འཛིན་ཐོབ༔ བཀའ་བབ་རྩོལ་གྱི་མིང་མཐའ་ཅན༔ བླ་མ་ཞི་ཁྲོའི་སྒྲུབ་པ་ལ༔ བརྟེན་ནས་གསང་ཆེན་ལ་སྤྱོད་ན༔ འཇའ་ལུས་ཐོབ་གྱུར་གདོན་མི་ཟ༔ བཀའ་བབ་ནོར་བུའི་མིང་མཐའ་ཅན༔ ཚེ་ཡི་སྒྲུབ་པ་ལ་བརྟེན་ནས༔ གསང་ཆེན་མྱུར་ལམ་ལ་སྤྱོད་ན༔ འཇའ་ལུས་ཐོབ་པར་གདོན་མི་ཟ༔ བཀའ་བབ་དར་གྱི་མིང་མཐའ་ཅན༔ བདེ་ཆེན་རྒྱལ་པོ་ལ་བརྟེན་ནས༔ གསང་ཆེན་མྱུར་ལམ་ལ་སྤྱོད་ན༔ འཇའ་ལུས་འཕོ་ཆེན་རིག་འཛིན་བརྙེས༔ བཀའ་བབ་བསྟན་འཛིན་མིང་མཐའ་ཅན༔ བདེ་ཆེན་རྒྱལ་པོ་ལ་བརྟེན་ནས༔ འོད་གསལ་རྫོགས་ཆེན་ལ་སྤྱོད་ན༔ ཕྱག་རྒྱ་ཆེན་པོ་རིག་འཛིན་ཐོབ༔ བཀའ་བབ་འབར་གྱི་མིང་ཅན་ཏེ༔ རྡོ་རྗེ་གཏུམ་པོ་ལ་བརྟེན་ནས༔ ཡང་གསང་སྒྲུབ་པ་མྱུར་ལེན་ན༔ ཚེ་གཅིག་སངས་རྒྱས་ཨེ་མ་ཧོཿབཀའ་བབ་བརྩོན་གྱི་མིང་ཅན་ཏེ༔ གསང་བདག་གཏུམ་པོ་ལ་བརྟེན་ནས༔ གསང་ཆེན་ཟབ་ལམ་ལྷུར་ལེན་ན༔ འཁོར་བ་དོང་སྤྲུགས་དཔལ་ཐོབ་འགྱུར༔ བཀའ་བབ་བུདྡྷའི་མིང་ཅན་གྱིས༔ གསང་བདག་སྒྲུབ་པ་ལ་བརྟེན་ནས༔ ཐེག་རྩེའི་རྣལ་འབྱོར་སྤྱོད་གྱུར་ན༔ རྣམ་མཁྱེན་ཡང་དག་ས་མཆོག་ཐོབ༔ བཀའ་བབ་སྔགས་ཀྱི་མིང་མཐའ་ཅན༔ རྡོ་རྗེ་དྲག་པོ་ལ་བརྟེན་ནས༔ འོད་གསལ་གསང་ཆེན་ལ་སྤྱོད་ན༔ རྣམ་པར་གྲོལ་བའི་ས་ཐོབ་འགྱུར༔ ཤར་གྱི་ཀྭ་ཆེན་སེངྒེ་པ༔ མིག་འབུར་སྐད་ཆེ་ཁྲོ་གཉེར་ལྡན༔ རྡོ་རྗེ་གཏུམ་པོ་ཉིད་ལ་དད༔ ལྷོ་ཡི་ཀྭ་ཆེན་སངས་རྒྱས་མཚན༔ བོང་ཐུང་བརྗིད་ལྡན་མིག་རྩ་དམར༔ གཏོང་ཕོད་ཕྲག་ཡངས་རིག་པ་རྣོ༔ རྩེ་གཅིག་པད་འབྱུང་ཉིད་ལ་དད༔ ནུབ་ཀྱི་ཀྭ་ཆེན་རྡོ་རྗེའི་མིང་༔ མདོག་དཀར་གཏོང་ཕོད་རིག་པ་ཧུར༔ མ་ངེས་སྤྱོད་པ་སྣ་ཚོགས་སྟོན༔ དབང་སྡུད་ཆེ་ཞིང་ངེས་མེད་རྒྱུ༔ བྱང་གི་ཀྭ་ཆེན་མེ་ལོང་པ༔ སྤྲོ་ཐུང་མཐུ་ཆེ་བཞིན་མདངས་ནག༔ རྡོ་རྗེ་ཕུར་པ་ཉིད་ལ་དད༔ མཐོང་ཐོས་དྲན་རེག་འདྲེན་པའི་སྟོབས༔ ལོག་པ་བདུད་ཀྱིས་མ་བསྐྲད་ཅིང་༔ དེ་དག་དུས་འདིར་འཛོམ་གྱུར་ན༔ དང་པོ་ཡང་དག་བསྒྲུབ་ལ་བརྩོན༔ བར་དུ་ངེས་མེད་གནས་སུ་འགྲིམས༔ ཐ་མ་སྨིན་གྲོལ་གཞན་ལ་འདོམས༔ དེ་ལྟར་ཚུལ་བཞིན་ཉམས་ལེན་ན༔ བསྟན་དང་འགྲོ་བའི་དོན་ཆེན་འགྲུབ༔ ཅེས་གསུངས་སོ༔ ཡང་ཅིག་བདག་གིས་འདི་སྐད་ཞུས༔ གདོད་མའི་དབྱིངས་ལ་གསོལ་བ་འདེབས༔ བསྐལ་པ་སྙིགས་མ་དེང་གི་དུས༔ བདག་ནི་ཁྱེད་དང་དབྱེར་མེད་ན༔ མི་འདོད་ཡོ་ལངས་ཅི་ལ་ལྡང་༔ རིག་འཛིན་རྒྱལ་པོས་བསྟན་དུ་གསོལ༔ དེ་ནས་རིག་འཛིན་རྒྱལ་པོ་ཡིས༔ ཀྱཻ་ཧོཿགསོན་ཅིག་བདུད་འཇོམས་པ༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ ལོག་པ་བདུད་ཀྱི་འབངས་ཡིན་པས༔ དེ་ལས་སྐྱེས་བུ་གང་སུ་དག༔ ཐར་པ་ཆེན་པོའི་གྲོང་འཇུག་ན༔ བདུད་རྗེ་འཁྲུགས་པའི་གེགས་ཆེན་འབེབས༔ ལུས་ངག་དགེ་ལ་སྦྱོར་བ་ལ༔ བགེགས་ཆེན་མངའ་ཐང་འཁྲུགས་རྒྱལ་དང་༔ བགེགས་ཆུང་དབུལ་ཕོངས་སྲི་ནག་འབྱུང་༔ སྐྱེ་མེད་དོན་ལ་གཞོལ་བའི་ཚེ༔ བགེགས་ཆེན་འདོད་ཡོན་འཁྲུགས་རྒྱལ་དང་༔ བགེགས་ཕྲན་འདུ་འཛི་འཕྲུལ་དབང་འབྱུང་༔ ངེས་གསང་དོན་དང་འཕྲད་པའི་ཚེ༔ བགེགས་ཆེན་སྣང་བ་བསྒྱུར་བྱ་དང་༔ བགེགས་ཕྲན་བྱིང་རྨུགས་འཐིབ་བྱེད་འབྱུང་༔ ཡང་དག་དོན་དང་འཕྲད་པའི་ཚེ༔ བགེགས་ཆེན་དགའ་བྱེད་འཕྲུལ་བྱེད་དང་༔ བགེགས་ཕྲན་ནད་ཀྱི་བདག་པོ་འབྱུང་༔ སྐྱེ་མེད་དབྱིངས་དང་འཕྲད་པའི་ཚེ༔ བགེགས་ཆེན་ཐེ་ཚོམ་སློང་བྱེད་དང་༔ བགེགས་ཕྲན་སྟོང་འབྱམས་ནག་པོ་འབྱུང་༔ ཆོས་ཉིད་དོན་དང་འཕྲད་པའི་ཚེ༔ བགེགས་ཆེན་གོལ་སར་འཁྲུལ་བྱེད་དང་༔ བགེགས་ཕྲན་ནོར་ས་དྲུག་འདྲེན་འབྱུང་༔ མངོན་སུམ་སྣང་བ་མཐོང་བའི་ཚེ༔ བགེགས་ཆེན་ལོག་ལྟ་སློང་བྱེད་དང་༔ བགེགས་ཕྲན་ཐེ་ཚོམ་དབང་པོ་འབྱུང་༔ ཉམས་སྣང་གོང་དུ་འཕེལ་བའི་ཚེ༔ བགེགས་ཆེན་དམག་ཇག་ཆོམ་རྐུན་དང་༔ བགེགས་ཕྲན་མི་མིན་གདུག་པ་ལང་༔ ཐར་པའི་ལམ་གེགས་བདུད་ཀྱི་ཡུལ༔ སྐྱེས་བུ་མཆོག་ལ་ངོམས་ཤིང་རྒྱུག༔ ཚེ་རབས་དུ་མའི་ལས་ངན་འབྲས༔ སྐྱེ་བ་འདི་རུ་འདུ་བ་ཡིས༔ མི་འདོད་ཆུ་ལ་གཉེར་མ་བཞིན༔ རིམ་བཞིན་འབྱུང་བ་དགྲ་མང་ཀུན༔ མཐུན་པའི་ཕྱོགས་བཞིན་དང་ལེན་པའི༔ སྐྱེས་བུ་མཆོག་དེ་ངེས་པར་གྲོལ༔ འདི་དུས་ལྷ་ལ་ཡི་ཆད་དང་༔ ཆོས་ལ་ཐེ་ཚོམ་བྱེད་པ་སྤོངས༔ ངོ་ཤེས་མཛོད་ཅིག་བདུད་འཇོམས་པ༔ རྫོགས་པའི་སངས་རྒྱས་ཡོན་ཏན་མཛོད༔ ལོག་པ་བདུད་ཀྱིས་འགྲན་ཆེན་བཙུགས༔ མི་དང་མི་མིན་ལ་ཡོག་འདོར༔ སློབ་ངན་དག་དང་ཕ་རོལ་གྱི༔ མི་སྲུན་ལོག་ལྟའི་སྨྲ་དབབ་བརྩམས༔ སོ་སྐྱེ་ཕམ་དག་ལྟ་ཡང་ཅི༔ ཤེས་པར་མཛོད་ཅིག་སྐལ་ལྡན་བུ༔