TTDL-ZABTER-14-PHA-039
TTDL-ZABTER-14-PHA-039
བརྡ་ཡིག་༠༠༠༠༠༣༦༡༔ མགོན་འཇམ་དཔལ་སྨྲ་སེང་ཞལ་ན་རེ༔ ཚུར་གསོན་དང་སྐལ་བཟང་སྐྱེས་བུ་ཁྱོད༔ སྤྱིར་དུས་ཀྱི་སྙིགས་མར་སླེབ་པ་དང་༔ སྒོས་མི་རྣམས་དམུ་རྒོད་དུག་ལྔ་རགས༔ དེའི་རྐྱེན་གྱིས་ནག་ཕྱོགས་བདུད་ཁ་དར༔ མཐའི་འབྱུང་པོ་བསླང་ནས་མགོ་འཕང་མཐོ༔ གླིང་ཁ་ལོ་བསྒྱུར་ལ་ཆས་པ་ཡིས༔ ཕྱོགས་ཀུན་ཏུ་མགྲོན་གྱིས་ས་ཚུག་འཛིན༔ ཡུལ་ཀུན་གྱི་ཟོ་དོར་དབང་བསྒྱུར་ཕྱིར༔ ལྷ་ཁམས་གསུམ་དབང་པོའི་དབང་སྡུད་དང་༔ གནས་རི་རབ་ཟོམ་གྱི་འབྱུང་པོ་བསྒྲུབ༔ ཡུལ་ཀུན་ལ་སྣ་ཚོགས་གཟུགས་བརྫུ་ཞིང་༔ འཕྲུལ་ཡོ་ལངས་འགྱེད་པའི་ཚུལ་ལ་ལྟོས༔ སྟེང་ནམ་མཁའ་རྫས་ཀྱིས་སྦག་པ་ཡིས༔ དབང་ཆེན་པོའི་ཁ་དོག་འབར་ལ་ལྟོས༔ སའི་རྩི་ཤིང་རྫས་ཀྱིས་སྦག་པའི་ལྟས༔ ཡུལ་ལ་ལུང་ཕུང་བའི་འབུ་སྲིན་དང་༔ སྲོག་ཆགས་པའི་ས་སྲིན་ཆུ་བཞིན་ཕྱུར༔ ཡུལ་ཕལ་གྱི་ལོ་འབྲས་འཇོམས་ལ་ལྟོས༔ ལྷ་ཟོ་དོར་ནག་ཕྱོགས་ལ་བསྒྱུར་ལྟས༔ བྱང་འབྲོག་ཡུལ་ཕྱུགས་ནད་སྣ་དགུར་ལྟོས༔ གྲོགས་ལྷ་སྲིན་ཁ་ལོ་བསྒྱུར་བའི་ལྟས༔ གཟའ་མེ་འབར་དུད་མཇུག་བཞི་ལ་ལྟོས༔ མི་ཕལ་ཆེར་དབང་དུ་བསྒྱུར་བའི་ལྟས༔ དམེ་འཁྲུག་རྩོད་ཡོ་ལངས་འགྱེད་ལ་ལྟོས༔ མཆོག་རྩ་གསུམ་དབྱིངས་ལ་དགོངས་པའི་ལྟས༔ མི་གྲུབ་པ་ཐོབ་པ་ཉུང་ལ་ལྟོས༔ བཀའི་ཆོས་སྐྱོང་རི་རབ་ལ་གཟིགས་ལྟས༔ དགོན་ཆོས་སྡེའི་མཐུ་ནུས་ནུབ་ལ་ལྟོས༔ དུས་དེང་སང་མཐའ་མིའི་རྫས་སྔགས་ཀྱིས༔ ལྷོ་འཛམ་བུའི་གླིང་གི་ས་སྐྱོང་བའི༔ གཞི་བདག་དང་ཡུལ་ལྷ་སྲུང་མའི་ཚོགས༔ ད་མ་ལུས་མི་ལུས་དབང་ཕྱུག་གིས༔ དབང་བསྒྱུར་ནས་དབང་ཕྱུག་ཆེན་པོའི་བྲན༔ ལྷ་དེ་ལ་འདུད་ཅིང་དེ་ལ་བསྟེན༔ དེའི་བཀའ་བཞིན་ཕྲིན་ལས་བསྒྲུབ་ཏུ་ཡོད༔ ཁྱེད་བསྟན་ལ་གདུང་བ་འགའ་མཆིས་ན༔ ལྷ་རྡོ་རྗེ་ཕུར་པ་ཡི་དམ་མཛོད༔ གནད་བསྐྱེད་རིམ་ཟབ་མོ་སྲོག་ཏུ་ཟུངས༔ ལོ་མང་དུ་དམ་རྒྱས་མཚམས་བསྒྲུབ་མཛོད༔ དཔལ་ཕུར་པ་གྲུབ་པའི་སྐྱེས་བུ་འགས༔ གཙོ་བྱས་ཏེ་ཕུར་སྒྲུབ་ལ་འབད་ན༔ ཡུལ་ཀུན་ལ་བདེ་བའི་སྐབས་རེ་འཆར༔ ལྷ་དབང་ཕྱུག་གྲུབ་པའི་སྐྱེས་བུ་ཡིས༔ མགོ་བྱས་ཏེ་དབང་ཕྱུག་སྒྲུབ་མཆོད་ན༔ ཡུལ་དེ་ལ་བདེ་སྐབས་ཅུང་ཟད་འཆར༔ དཔལ་རྡོ་རྗེ་ཕུར་པ་མ་གཏོགས་པའི༔ དུས་སྙིགས་མའི་བདུད་མགོ་གང་གིས་ནོན༔ དཔལ་ཨོ་རྒྱན་ཆེན་པོ་མ་གཏོགས་པའི༔ བོད་ཐུགས་རྗེས་སྐྱོང་མི་སུ་ཞིག་ཡོད༔ མ་མཁའ་འགྲོའི་ཚོགས་ལ་མ་བསྟེན་པར༔ དུས་སྙིགས་མའི་དངོས་གྲུབ་ཅི་ལ་ཐོབ༔ དོན་དེ་ཕྱིར་ཁྱོད་འབངས་སློབ་མའི་ཚོགས༔ ལྷ་རྡོ་རྗེ་ཕུར་པ་ལ་བརྟེན་ནས༔ བསྒོམ་བཟླས་ཀྱི་གནད་ལ་རེམ་མཛོད་ཅིག༔ མཚམས་དམ་རྒྱ་ལོ་བཞིན་ཡང་ཡང་བསྐྱལ༔ དུས་རྟག་ཏུ་སྨོན་ལམ་ཟབ་མོ་ཐོབ༔ ལྷ་དབང་པོ་བྲན་དུ་བསྟེན་མཛོད་དང་༔ བདུད་ནག་པོའི་དབང་དུ་མི་འགྲོ་ངེས༔ གནད་དེ་ཚོ་སྲོག་གི་གཏའ་རུ་ཟུངས༔ དཔལ་རྡོ་རྗེ་ཕུར་པ་དབང་ཕྱུག་ལྷ༔ རྗེ་དང་ནི་འབངས་ཀྱི་ཚུལ་དུ་ཟུངས༔ མ་མཁའ་འགྲོ་དགྱེས་པའི་ཁ་ཆེམས་འདི༔ བུ་ཁྱོད་ལ་ཤིན་ཏུ་བརྩེ་བས་གདམས༔ བརྡ་ཡིན་ནོ་ཡིན་ནོ་གོ་འམ་བརྡ༔ ཤར་གསལ་བའི་འོད་བརྒྱ་རབ་འབར་བ༔ ནུབ་ཆུ་འཛིན་ནག་པོར་ཉེ་ལ་ལྟོས༔ བརྡ་གོ་འམ་ཟེར་ཞིང་དབྱིངས་སུ་ཡལ༔ དགེའོ།།།། ༄༅༔ མཁའ་འགྲོ་བདེ་ཆེན་དབང་རྒྱལ་མས༔ མི་ཡུལ་དར་མོད་སྡིག་པའི་གྲོང་ཁྱེར་ན༔ མི་རུང་སྨོན་ལམ་ལོག་པའི་བདུད་འབངས་ཀྱིས༔ མི་དགེ་དུ་རུ་ཀ་ཡི་འཕྲུལ་འགྱེད་ལ༔ དབང་ཕྱུག་མིན་པ་སུ་ཡིས་སྟོབས་འགྲན་བྱེད༔ ཕུར་པ་མིན་པ་སུ་ཡིས་ཟིལ་གནོན་བྱེད༔ སྨད་ནས་འུག་པ་མཁུན་པའི་སྒྲ་ཐོས་ཚེ༔ སྟོད་ཀྱི་བྱ་རོག་གཟན་ལ་ཆས་པ་དེས༔ བར་གྱི་བྱེའུ་མང་པོའི་སྲོག་ལ་རྒོལ༔ དེ་ཡང་སྨོན་ལམ་མཐུ་ལས་སྐྱེས་པ་ཡི༔ ནུབ་ཏུ་སྟག་གཅིག་སླེབ་པ་དེས༔ ཕྱོགས་བཞིའི་གཅན་གཟན་བྲན་དུ་བཀོལ༔ སྡང་མིག་ནམ་མཁར་བསྒྲད་པ་ཡིས༔ སྟེང་གི་ལྷ་ཡང་འདར་ཤོམ་བྱེད༔ སྡེར་བཞི་ས་ལ་བཙུགས་པ་ཡིས༔ འོག་གི་ཀླུ་བརྒྱད་མགོ་བོ་འགེམས༔ སྟོད་ནས་སེང་ཆེན་རལ་བསིགས་ཀྱང་༔ རྒྱ་སྟག་ངར་མའི་དཔའ་གདིང་ལ༔ ཞུམ་པ་མང་པོ་ངས་མ་མཐོང་༔ སྨད་ནས་དྲེད་མོང་རལ་བསིགས་ཀྱང་༔ སྟག་ལ་ཅི་བྱེད་ཉམ་རེ་ཐག༔ ད་ནི་ནད་ཀྱི་དུ་རུ་ཀ༔ བཟློག་བྱེད་ཁམས་གསུམ་རྣམ་རྒྱལ་དང་༔ དྲག་མོ་སྣང་སྲིད་དབང་བྱེད་མ༔ མཉམ་པར་སྦྱོར་བའི་བྱང་ཆུབ་སེམས༔ འཚོ་བྱེད་སྨན་གྱི་རྒྱལ་པོ་མཆོག༔ བཟློག་བྱེད་སྤུ་གྲིའི་འཁོར་ལོ་སྟེ༔ བསྲེགས་བྱེད་བསྐལ་པ་འཇིག་པའི་མེ༔ གང་གིས་འགྲན་ཟླ་བྲལ་བའི་མཚོན༔ དཀར་པོ་གཅིག་ཐུབ་སྔགས་ལ་བརྩོན༔ མགོ་དགུ་མིག་སྟོང་ཞེ་སྡང་གཟུགས༔ འདོད་ཆགས་མཁའ་ལྡིང་མི་ཡི་ལུས༔ ཕོ་ཉ་དུར་མོ་མགོ་དགུ་མ༔ གཉན་རིམས་ཀུན་གྱི་གཉེན་པོར་བསྔགས༔ དེ་ལས་གཞན་དུ་ངས་མ་མཐོང་༔ ཅེས་ཟེར་ཡལ༔