TTDL-ZABTER-14-PHA-040
TTDL-ZABTER-14-PHA-040
༄༅༔ གཉིད་འོད་གསལ་འདྲེས་པའི་སྣང་ཆ་ལ༔ ཤར་རྡོ་རྗེ་མཁའ་འགྲོ་ཡིན་སྐད་པའི༔ མ་མཁའ་འགྲོ་དཀར་མོ་གཟུགས་བཟང་མས༔ གླུ་འདི་སྐད་ལེན་པ་བདག་གིས་ཐོས༔ བུ་ཉོན་ལ་ཡིད་ཀྱིས་མ་བརྗེད་ཟུངས༔ སྔོན་འདས་པའི་བསྐལ་པ་ཡུན་གཅིག་ན༔ བདུད་ས་འཛིན་ནག་པོས་སྨོན་ལམ་བཏབ༔ བསྟན་འགྲོ་བའི་བདེ་སྐྱིད་དཔལ་ལ་བཟའ༔ གནས་རི་རབ་ཟོམ་གྱི་སྟོབས་ཆེན་པས༔ སྨོན་ལོག་འབྲས་མཐའ་ཡི་གླིང་བཞི་རུ༔ ཤར་རྡོ་གཟུགས་ཁ་ནས་ལོག་ཆོས་གྲགས༔ ལྷོ་མི་མོས་རྫུ་འཕྲུལ་ངོམས་པ་དང་༔ ལོག་ལམ་གྱི་ཆོ་ག་མང་ཞིག་འཆད༔ ནུབ་གནམ་ལྷ་ཡིན་ཟེར་མིའུ་ཐུང་གིས༔ འཕྲུལ་སྣ་ཚོགས་འགྱེད་ཅིང་དེས་སྔགས་བསྔགས༔ ཡུལ་གཞན་ལ་འཆད་ཅིང་ཁ་ལོ་བསྒྱུར༔ བྱང་སྟོན་པ་ཧར་ཏི་ནག་པོ་ལ༔ ལྷའི་དབང་པོ་སྒྲུབ་པའི་རྫས་སྔགས་ཉན༔ དེ་བསྒྲུབ་ཅིང་གྲུབ་པའི་ཁ་ལྟ་བ༔ གནས་རི་རབ་ཟོམ་དུ་ཕྱིན་པ་ཡིས༔ འབྱུང་གདོན་གྱི་དབང་པོ་དང་འཕྲད་ནས༔ ཡུལ་འཛམ་གླིང་ཕུང་བའི་རྫས་སྔགས་དང་༔ རང་དབང་དང་ལྡན་ཞིང་བསྟན་འགྲོ་ཡོངས༔ ལོག་ལམ་དུ་བསྒྱུར་བའི་ཐབས་མང་བླངས༔ དེ་ཕྱོགས་བཞི་མཐའ་མི་ཀུན་གྱིས་ཐོས༔ དེར་གདམས་ངག་ལེན་ལ་ཆས་ནས་བླངས༔ མཐར་མཐའ་མི་ཀུན་གྱིས་ཉམས་སུ་བླངས༔ རྫས་སྣ་ཚོགས་བསྒྲུབ་ནས་བརྡེབ་པ་ཡིས༔ ཕྱིའི་འབྱུང་བ་ས་དང་ས་ལས་སྐྱེས༔ ཀུན་འདོད་པའི་ལོངས་སྤྱོད་ལ་བསྒྱུར་ནས༔ མི་ཀུན་ཡིད་འཕྲོག་ཅིང་དབང་དུ་བསྡུས༔ དེ་མང་ཚོགས་མཐའ་ནས་དབུས་སུ་ཕྱུར༔ ལར་ལོ་བརྒྱའི་དུས་སུ་གདའ་ན་ཡང་༔ རྐྱེན་སྣ་འདྲེན་མྱུར་བས་བརྒྱད་ཅུར་ཉེ༔ དེ་ནང་མིས་འདྲེན་ཅིང་སུམ་ཅུར་ཉེ༔ ལྷ་ཀུན་གྱི་དབང་པོ་ཁས་དྲེག་པས༔ མཐའི་ཀླ་ཀློའི་མགོ་འཕང་དགུང་ལ་སྙེག༔ དེར་ལྷ་གཞན་བསྒྲུབ་ཀྱང་བཟློག་ཐབས་མེད༔ དཔལ་རྡོ་རྗེ་ཕུར་པ་གོང་ནོན་བསྒྲུབ༔ ལྷ་དབང་ཕྱུག་ཆེན་པོ་ནན་ཆེར་བསྒྲུབ༔ དེ་རྒྱལ་པོ་བློན་པོའི་ཚུལ་བསྒྲུབ་ནས༔ ལས་མཐའ་རྣམས་བསྐྱར་ནས་བསྐྱལ་བ་ལ༔ ཡུལ་ཀུན་གྱིས་རྟག་ཏུ་འབད་གྱུར་ན༔ ལོ་སུམ་ཅུ་ཐམ་པར་བཟློག་པར་ངེས༔ ཡུལ་སོ་སོས་ཉམས་ལེན་མ་བྱས་ན༔ མི་གཉིས་དང་གསུམ་བཞི་བརྒྱ་ཕྲག་གིས༔ མཐའ་འཁོར་ཞིང་འཛམ་གླིང་ཆ་བཞིའི་གསུམ༔ དབང་བསྒྱུར་བའི་མི་ལ་ཅི་ཞིག་བྱ༔ བཟློག་འདོད་པའི་མི་ཕོ་སྙིང་ཁམས་མཐོ༔ མ་མཁའ་འགྲོའི་གད་མོ་དེ་ལ་མཐོང་༔ དེར་རང་གཤེད་རང་ལ་མ་ཕབ་ན༔ ཁམས་གསུམ་གྱི་དབང་པོ་སུ་ཡིས་བཟློག༔ ལྷའི་གྲུབ་རྟགས་མངོན་དུ་མ་གྱུར་ན༔ བསྒྲུབ་ལད་མོ་བྱས་པའི་ཚུལ་དེ་དག༔ མཚོན་ཤིང་དང་འདག་པས་བཟོས་དང་མཚུངས༔ ལས་གྲུབ་པ་ཤིན་ཏུ་དཀོན་ལ་ལྟོས༔ དགྲ་མི་གཅིག་མཐུ་ཡིས་མི་སྒྲོལ་ན༔ ཡུལ་གླིང་ཆེན་ཐུབ་སེམས་སྐྱེ་དོན་མེད༔ དེའི་ཕྱིར་ན་གཅིག་མིན་ཆོས་སྡེ་དང་༔ ཡུལ་ཀུན་ནས་ཕུར་པ་སྲི་མནན་དང་༔ ལྷ་ཆེན་པོའི་སྒྲུབ་པ་ལས་མཐའ་སྐྱོངས༔ ཉིན་རེ་བཞིན་བཟའ་མི་ཐམས་ཅད་ཀྱིས༔ ཚིག་བདུན་དང་སིདྡྷི་འུར་འདོན་འབོད༔ རྒྱུད་བདུད་ཀྱིས་མི་བརླམ་ཐབས་སུ་མཆོག༔ ཡུལ་ཀུན་གྱིས་མདོ་སྡེ་བསྐལ་བཟང་དང་༔ སྔགས་ཡིག་དྲུག་སིདྡྷི་ཕུར་བསྙེན་ཚོགས༔ རྡོར་བརྐོས་ཏེ་བདུད་འདུལ་མཆོད་རྟེན་བརྩིག༔ བུམ་ནང་དུ་སངས་རྒྱས་རིགས་ལྔ་དང་༔ ཕྱག་རྡོར་དང་པད་འབྱུང་སྣང་བརྙན་ཞོག༔ གནད་དེ་བཞིན་ལོ་བཞིན་མ་ཐེང་ན༔ དུས་མི་འགྱང་མྱུར་དུ་འབྱུང་དམག་ཕྱུར༔ གནད་ཐེང་ན་བཟློག་འགྱུར་གདོན་མི་ཟ༔ ཕྱོགས་ཀུན་ནས་བཟློག་ཐབས་མི་བརྩོན་ན༔ ཡུལ་ཕུང་ཉེས་འབྱུང་ཚད་བརྗོད་མི་ལང་༔ ཚུལ་ཟུར་ཙམ་སྨྲས་ཤིང་དབྱིངས་ལ་ཆ༔ ཨཻ༔ དགེའོ།།།།