TTDL-ZABTER-14-PHA-043
TTDL-ZABTER-14-PHA-043
བརྡ་ཡིག་༠༠༠༠༠༣༧༩༔ བདུད་འཇོམས་རྡོ་རྗེས་མ་འོངས་འབྱུང་འགྱུར་ལུང་བསྟན་པ་ལས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ འབྱུང་པོ་མུ་ཏོས་སྨོན་ལོག་མཐུས༔ མི་སྲུན་སྐྱེ་བོའི་བློ་བསླུས་ཏེ༔ བསྟན་དང་འགྲོ་བའི་བདེ་སྐྱིད་འཕྲོག༔ ཐུབ་བསྟན་ཟླ་ཞལ་སྤྲིན་གྱིས་སྒྲིབ༔ སྔགས་ཀྱི་ཉི་གཞོན་འབར་བའི་འོད༔ སྒྲ་གཅན་ཁ་རུ་ཚུད་ཉེ་ཚེ༔ དེ་ཚེ་དུས་གསུམ་རྒྱལ་བ་ཡི༔ ཕྲིན་ལས་མངའ་བདག་པདྨ་འབྱུང་༔ བསྙེན་སྒྲུབ་གནད་ལ་ཆེར་བརྩོན་ན༔ བདུད་དང་ལོག་ལྟའི་གཡུལ་ལས་རྒྱལ༔ ཕག་དཀར་པོས་འཛམ་གླིང་ཞོན་པའི་དུས༔ ཐང་ཆེན་པོ་རྟ་ཡི་ལྟོ་བ་རུ༔ བདུད་ལས་རྒྱལ་གཞུ་འདོམས་བཅུ་གསུམ་པ༔ འབྱུང་འགྱུར་ན་རྒྱལ་ཁམས་རེ་ཞིག་རྒྱལ༔ ས་སྤྲིན་གྱི་མེ་ལོང་ཧུས་བཏབ་བྱེད༔ ཧེ་རུ་ཀའི་ཕྲིན་ལས་རྣམ་བཞིས་འདུལ༔ ཁམས་ཡུལ་གྱི་ཙཱ་རིའི་ཉེ་འདབས་སུ༔ སྣ་ནམ་པས་སྔགས་ཀྱི་བསྟན་པ་སྐྱོང་༔ གྲུབ་མཐའ་ཡི་མེ་རོ་སློང་བྱེད་ན༔ སྔ་འགྱུར་གྱི་བསྟན་པ་ཆེས་ཆེར་རྒྱས༔ གསེར་ཡུལ་དུ་ནད་མུག་འབྱུང་བའི་ཚེ༔ སེ་ཕུང་གི་ཁ་གནོན་བདེ་གཤེགས་སྙིང་༔ བསྙེན་སྒྲུབ་ལ་ལོ་བཞིན་འབད་གྱུར་ན༔ ནད་མུག་དང་མཚོན་གྱི་གཡུལ་ལས་རྒྱལ༔ བཀྲ་ཤིས་དང་དགེ་ལེགས་དཔལ་གྱིས་ཕྱུག༔ རྒྱ་ཁེས་ཕུན་ཙུ་ཞེས་བྱ་བ་ཡིས༔ སྨོན་ལོག་དང་བསྒོམ་སྟོབས་རིག་འཕྲུལ་ལས༔ མེ་མདའི་རིགས་འདྲ་མིན་བཅོ་བརྒྱད་ནི༔ འབྱུང་འགྱུར་ཚེ་རྒྱལ་ཁམས་ཧ་ལའི་ཚལ༔ གློ་བུར་དུ་སྐྱེ་འགྲོ་ཧུར་ཐུམ་འགུམས༔ དེ་སུས་སྤྱོད་འབྲས་བུ་སྡུག་རེ་བསྔལ༔ དེའི་ཁ་གནོན་གྱི་ཟབ་ཆོས་དུས་བབ་ནི༔ མགོན་པད་འབྱུང་གི་སྨོན་ལམ་སྟོབས་བཙན་པས༔ གང་དེའི་གཉེན་པོ་སྟོབས་ཀྱི་ལྷ༔ རྗེ་ཀུན་བཟང་ཁྲོས་པའི་ཧེ་རུ་ཀ༔ དཔལ་ཆེ་མཆོག་སྒྲུབ་སྡེ་བརྒྱད་ཀྱི་ལྷ༔ གཅིག་དྲིལ་བའི་གསང་བ་འདུས་པ་ཉིད༔ དགོན་སྡེ་དང་ཡུལ་ཤོག་ལ་སོགས་པས༔ དེར་རིམ་གྲོར་གང་གི་ལོ་བཞིན་བརྩོན༔ ལོ་བཅུ་ཕྲག་བཅུ་ལ་སྐྱོབ་པར་འགྱུར༔ དེའི་ཡང་སྙིང་འཕྲུལ་གྱི་ཡི་གེ་རྣམས༔ སྙིང་འདྲ་བའི་རིགས་ལས་གཞན་དུ་མིན༔ ཚུལ་བཞིན་དུ་འཆང་བའི་སྐྱེ་འགྲོ་རྣམས༔ ཅིས་ཀྱང་ཡང་མི་ཤིགས་རྡོ་རྗེའི་གུར༔ ལོ་གྲངས་བཞི་བཅུ་རྩ་གཅིག་པའི་ལོར་མཁའ་ལ་སྟག་ཞིག་བྱུང་བ་དེའི་ཁ་ནས་བུད་མེད་ཞིག་བྱུང་དེ་ལ་བུ་གཅིག་བཙས་པ་བུ་དེས་མ་ལ་སྲིད་པ་ཆགས་པ་དང་མ་འོངས་འབྱུང་གྱུར་གྱི་ཚུལ་དྲིས་པས་མ་དེས་བུ་ལ་བཤད་པ་ལས་ཁོལ་བྱུང་དུ་བྲིས་སོ༔