TTDL-ZABTER-14-PHA-048
TTDL-ZABTER-14-PHA-048
བརྡ་ཡིག་༠༠༠༠༠༠༣༩༡༔ མཁའ་འགྲོ་ཡེ་ཤེས་ཉི་མའི་ཞལ་ནས༔ སྒོ་གསུམ་དགེ་བར་བཅོས་ལ་སོ་ཐར་འདུ༔ མ་དག་ཉེས་སྤྱོད་སྡོམ་ལ་འདུལ་ཁྲིམས་འདུ༔ གཞན་ཕན་གཞི་བཅས་བསྒྲུབ་ལ་བྱང་སེམས་འདུ༔ གནོད་པ་གཞི་བཅས་སྤང་ལ་བྱང་སྡོམ་འདུ༔ བླ་མ་མིག་བཞིན་བསྙེན་ལ་གསང་སྔགས་འདུ༔ ཚེ་གཅིག་སྙིང་པོར་གཞོལ་ལ་དམ་ཚིག་འདུ༔ སྒོ་གསུམ་རྡོ་རྗེར་ཤེས་ན་མ་ཧཱ་འདུ༔ རྒྱུ་གསུམ་འབྲས་བུར་སྦྱོར་ལ་ཨ་ནུ་འདུ༔ གནས་ལུགས་རང་ཞལ་མཇལ་ལ་ཨ་ཏི་འདུ༔ རང་ངོ་ཀ་ནས་དག་པ་གཞི་ཡི་ཆོས༔ ཤེས་རབ་རང་བྱུང་གསལ་བ་ལམ་གྱི་ཆོས༔ འཁོར་འདས་དག་མཉམ་རོལ་པ་འབྲས་བུའི་ཆོས༔ རང་རིག་རང་ཞལ་མཇལ་བ་ལྟ་བའི་ཀློང་༔ ངང་ལས་མི་འདའ་རང་གསལ་བསྒོམ་པའི་ཀློང་༔ འབད་རྩོལ་བྱ་བཏང་ཀློང་སྦྱོར་སྤྱོད་པའི་ཀློང་༔ ཆོས་ཀུན་མདོར་བསྡུས་མཁའ་འགྲོའི་སྙིང་ཁྲག་དངོས༔ གཅེས་པའི་བུ་ལ་རླངས་པ་ཐ་ལེར་སྦྱིན༔ ཅེས་ཟེར་ནས་ཡལ༔ བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་བགྱིས་པའོ།།།།