TTDL-ZABTER-14-PHA-049
TTDL-ZABTER-14-PHA-049
༄༅།།ཉམས་སྣང་ལ་གྲུབ་ཆེན་ནམ་མཁའི་སྙིང་པོས་ཞལ་གཟིགས་ཏེ་ཞལ་གདམས་འགའ་ཞིག་གསུངས་ནས་མཐར་མཐིང་གི་མེ་ལོང་ཞིག་ཏུ་གྱུར་ཏེ།མཐིང་གི་མེ་ལོང་བཀྲ་བ་ང་།།ཀུན་བཟང་དགོངས་པའི་ཀློང་མཛོད་ཡིན།།ནམ་མཁའ་སྒོ་འབྱེད་ཀྱི་ལྡེ་མིག་འདི།།སྐལ་མེད་རྣམས་ལ་སྐལ་བ་མེད།།སྐལ་བཟང་སྐྱེས་བུའི་སྤྱོད་ཡུལ་ཡིན།།འོད་གསལ་ཆེན་པོའི་ཀློང་སྒྲོམ་འདི།།གང་སྤྱོད་རྒྱལ་ཀུན་སྲས་གཅིག་ཡིན།།མི་ཁྱོད་ལས་གཞན་ལ་མི་ཐོབ་མོད།།ཆོས་ཉིད་མངོན་སུམ་གྱི་སྣང་བ་འདི།།ལྐུགས་པ་ཆང་གིས་མྱོས་པ་བཞིན།།སྨྲ་བསམ་ཀྱང་བརྗོད་དུ་མེད་པ་ཡིན།།བུམ་དབང་གིས་ལུས་འདི་སྨིན་པ་ཡིན།།ལུས་འགུལ་བསྐྱོད་གང་ཡང་མི་མོས་པ།།ལུས་རྩ་ཁམས་གནས་སུ་དག་པ་ཐོབ།།གསང་དབང་གི་ནུས་པ་ངག་ལ་ཞུགས།།ངག་སྨྲ་བརྗོད་གང་ཡང་མི་བརྩོན་པ།།རླུང་ཁམས་གནས་སུ་དག་པ་ཐོབ།།ཤེར་དབང་གི་ནུས་པ་སེམས་ལ་ཞུགས།།སེམས་རིག་པ་རང་ངོར་སངས་ནས་འདུག།ནམ་མཁའ་གནས་སུ་དག་པ་ཐོབ།།ཡིད་དཔྱོད་མུན་པ་མགོ་སྐོར་འདི།།བྱད་ལོང་ནམ་མཁའི་མཐའ་ཚོལ་དང་།།མུན་སྒོམ་གོལ་སྒྲིབ་ཀྱི་བཞི་མདོ་གཉིས།།ལམ་འདི་ཡི་ཕྱོགས་ཙམ་མཐོང་བ་མིན།།ལམ་འདི་ལ་དང་པོ་འབྲེལ་འཇོག་གི།།མཉམ་བཞག་དང་པོ་བྱེད་ཙམ་ནས།།སངས་རྒྱས་གཅིག་ཅར་དུ་འགྲུབ་པ་ཡིན།།བླུན་པོ་མགོ་ཟླུམ་བསམ་གཏན་གྱིས།།སངས་རྒྱས་ཐོབ་པ་རུས་སྦལ་སྤུ།།མུན་སྒོམ་ལྐོག་གྱུར་མ་ཡིན་གྱིས།།སངས་རྒྱས་ལག་འཆང་གི་གདམས་ངག་ཡིན།།ལོ་གསུམ་གཞན་དུ་མ་ཡེངས་པར།།འོད་གསལ་ལ་བརྟེན་རྣལ་འབྱོར་པ།།མ་རུང་གདོལ་པ་ཡིན་ཀྱང་རུང་།།དབང་པོ་རྣོ་རྟུལ་གང་ཡིན་ཀྱང་།།ཆོས་ཟད་བློ་འདས་ཆེན་པོ་རུ།།གཞོན་ནུ་བུམ་སྐུར་མངོན་སངས་རྒྱས།།ཧོ་ཁྱེའུ་ཆུང་བསམ་དུ་མེད་པ།།ཁྱེད་གཡོ་མེད་མོས་གུས་དྲག་པོས།།ཟླ་བ་དྲུག་ཏུ་བསྒོམ་ན།།ཉམས་ཀྱི་འཕེལ་ཆ་ཟད་ནས།།ཆོས་ཟད་བློ་འདས་ཆེན་པོར།།མི་རིང་གཅིག་ཆར་གྲོལ་འོང་།།སྐྱེ་བ་དུ་མར་སྦྱངས་པའི།།འབྲས་བུ་མངོན་དུ་གྱུར་ཏེ།།འཇའ་ལུས་འཕོ་ཆེན་ཐོབ་འོང་།།ཉམས་འདིའི་འཕེལ་འགྲིབ་ཐམས་ཅད།།རང་བྱུང་ངང་འགྲིབ་བསྐྱལ་ན།།འདི་ནས་ལོ་གསུམ་འདིའི་མཚམས།།གཟུགས་སྐུ་ཆོས་དབྱིངས་ཀློང་བསྡུ།།ལི་ཡུལ་གདུལ་བྱ་དུས་བབ།།ཛྙཱ་ནའི་མིང་གི་མུ་ཏྲ།།པོ་ཊ་ལ་རུ་སླེབ་ནས།།ལི་ཡུལ་ཆུ་ཤོད་ཚལ་དུ།།ཆོས་ཀྱི་བདག་པོར་སྤྲུལ་འོངས།།ཨ་ཨ་རིག་པའི་ཡེ་ཤེས།།གང་ལ་རྩོལ་བསྒྲུབ་མི་དགོས།།རང་ལ་ཡོད་པའི་སངས་རྒྱས།།སངས་རྒྱས་གཞན་དུ་མ་ཚོལ།།དཀའ་སྤྱད་སྙིང་རུས་མི་དགོས།།རང་སར་ཞོག་དང་དེ་ཡིན།།ཁྱེའུ་ཆུང་བསམ་མེད་བྱ་བ།།འཁོར་བའི་སྐྱོན་གྱིས་མ་གོས།།ཇི་ལྟར་མེ་ཏོག་པདྨ།།འདམ་གྱི་ཁྲོད་དུ་སྐྱེས་ཀྱང་།།འདམ་གྱི་སྐྱོན་གྱིས་མ་གོས།།ཁྱེའུ་ཆུང་བསམ་མེད་ཁྱོད་ཀྱང་།།ཉོན་མོངས་ཁྲོད་དུ་སྨིན་ཡང་།།འཁོར་བའི་སྐྱོན་གྱིས་མ་གོས།།ཇི་ལྟར་དབྱིངས་ཀྱི་ནམ་མཁའ།།འབྱུང་ལྔ་ལྷན་གཅིག་བསྡུས་ཀྱང་།།འབྱུང་ལྔའི་སྐྱོན་གྱིས་མ་གོས།།དེ་བཞིན་ཁྱེའུ་ཆུང་ཁྱོད་ཀྱང་།།དུག་ལྔའི་ཁྲོད་དུ་སྨིན་ཡང་།།དུག་ལྔའི་སྐྱོན་གྱིས་མ་གོས།།ཁྱེའུ་ཆུང་བསམ་མེད་ཁྱོད་ཀྱིས།།ངོ་བོ་རང་བཞིན་བཅས་པ།།མཐིང་གི་མེ་ལོང་ངའོ།།ཨཱཿདཀར་ནང་གསལ་ཆེན་པོ།།ཐུགས་རྗེའི་ཟེར་དང་ལྡན་པའི།།བརྩེ་ཆེན་ཟེར་གྱི་མདའ་མོ།།གདུལ་བྱའི་སྙིང་ལ་བབ་པས།།ཁྱོད་འཁོར་ཞལ་གྱིས་ཟིན་ཚད།།ཁྱོད་དང་གཉིས་མེད་གྲོལ་བ།།ཁུ་རླངས་རླུང་སྤྲིན་གསུམ་པོ།།ནམ་མཁའི་ངང་དུ་ཐིམ་བཞིན།།དེ་བཞིན་གཉིས་མེད་ཀློང་གྲོལ།།མེ་ལོང་ཨཱཿཡིག་ཁྱེའུ་ཆུང་།།གཉིས་མེད་རོ་གཅིག་གྱུར་ནས།།ཆོས་སྐུའི་དགོངས་པར་རྒྱ་ཡན།།ཞེས་གསུངས་སོ།།བདུད་འཇོམས་པས་སོ།།།།