TTDL-ZABTER-14-PHA-051

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-051

བརྡ་ཡིག་༠༠༠༠༠༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྔོན་འགྲོའི་ངག་འདོན་དབང་གི་བུམ་པ་བཞུགས་སོ༔ བརྡ་ཡིག་༠༠༠༠༠༤༠༣༔ སྨིན་གྲོལ་དབང་གི་བུམ་པ་འདི༔ ཚིག་ཉུང་དོན་འདུས་ཉམས་ལེན་སླ༔ བྱིན་རླབས་མྱུར་ཞིང་དངོས་གྲུབ་ཉེ༔ ལྷ་དང་དཀྱིལ་འཁོར་འབུམ་བསྒྲུབ་ལས༔ དྲིན་ཆེན་བླ་མ་སྒོམ་པ་མཆོག༔ མོས་གུས་བསྒོམ་བཟླས་གནད་དུ་ཆེ༔ ས་མ་ཡ༔ ཀྱཻ༔ རིགས་བརྒྱའི་ཁྱབ་བདག་བླ་མར་གསོལ་བ་འདེབས༔ དལ་འབྱོར་མི་ལུས་རྙེད་དཀའ་ཡིད་བཞིན་ནོར༔ ཚེ་འདིའི་སྣང་བ་མི་རྟག་འཆི་བས་འཇིག༔ རྒྱུ་འབྲས་དཀར་ནག་མི་བསླུ་བདེ་སྡུག་བྱེད༔ ཁམས་གསུམ་འཁོར་བ་སྡུག་བསྔལ་ཁྲི་མུན་གནས༔ དྲན་ནས་བདག་བློ་ཆོས་ལམ་གཟུད་པར་མཛོད༔ བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ འགྲོ་རྣམས་བྱང་ཆུབ་ཆེན་པོར་བདག་གིས་བསྒྲལ༔ ལུས་དང་ལོངས་སྤྱོད་བསྡུས་ཏེ་མཎྜལ་འབུལ༔ ཚོགས་རྫོགས་སྒྲིབ་དག་དོན་གཉིས་འགྲུབ་གྱུར་ཅིག༔ སྤྱི་བོར་བླ་མ་རྡོར་སེམས་དབྱེར་མེད་པའི༔ སྐུ་ལས་བདུད་རྩིའི་རྒྱུན་བབས་སྒྲིབ་བྱང་གྱུར༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཡི་གེ་བརྒྱ་པའམ་དྲུག་པ་ཅི་ནུས་བཟླས༔ འོད་ཞུ་བདག་སྣང་དང་འདྲེས་རོ་གཅིག་གྱུར༔ རང་ཉིད་རྣལ་འབྱོར་དམར་མོའི་མདུན་མཁའ་རུ༔ པད་ཉིའི་གདན་སྟེང་རྩ་བའི་བླ་མ་ནི༔ མཚོ་སྐྱེས་རྡོ་རྗེའི་རྣམ་རོལ་རྡོར་དྲིལ་བསྣོལ༔ ལོངས་སྤྱོད་རྒྱན་རྫོགས་མཐིང་ནག་སྐྱིལ་ཀྲུང་བཞུགས༔ མཁའ་མཉམ་འགྲོ་བ་འདྲེན་པའི་དཔལ་དུ་རོལ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ སྨིན་གྲོལ་མཛད་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ རྗེ་བཙུན་བླ་མ་རིན་པོ་ཆེ༔ སངས་རྒྱས་ཐམས་ཅད་འདུས་པའི་ཞལ༔ མཐོང་བས་སྡུག་བསྔལ་ཆེ་ལས་སྒྲོལ༔ ཐོས་པས་མ་རིག་གཉིད་ལས་དཀྲོགས༔ དྲན་པས་བྱང་ཆུབ་ལམ་ལ་སྦྱོར༔ རེག་པས་སྨིན་གྲོལ་དངོས་གྲུབ་སྟེར༔ སྒོ་གསུམ་གུས་པ་ཆེན་པོ་ཡིས༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ཕྱག་འཚལ་སྒྲིབ་ཚོགས་སྦྱང་དུ་གསོལ༔ སྐྱབས་སུ་མཆིའོ་རྗེས་སུ་ཟུངས༔ འདི་ནས་ཚེ་རབས་ཐམས་ཅད་དུ༔ ལས་ངན་དབང་དུ་མི་བཏང་བར༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རུ༔ དབུགས་ཆེན་འབྱིན་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བླ་མ་རྡོ་རྗེ་འཛིན་པ་ཡི༔ གནས་གསུམ་ལས་ནི་འོད་ཀྱི་སྤྲིན༔ དཀར་དམར་མཐིང་ཀ་སེར་ལྗང་འཕྲོས༔ ཚེ་རབས་ལས་ཉོན་བག་ཆགས་སྦྱངས༔ བུམ་གསང་ཤེར་དབང་བཞི་པའི་དབང་༔ ཡོངས་ཐོབ་སྐུ་བཞིའི་ས་བོན་ཐེབས༔ ཡེ་ཤེས་ལྔ་ཡི་དགོངས་པས་རློབས༔ རྡོ་རྗེ་གསུམ་གྱི་གྲོང་དུ་འཕོས༔ དཀྱིལ་འཁོར་ཡོངས་ཀྱི་རྩ་དབང་ཐོབ༔ དོན་གྱི་འོག་མིན་དབྱིངས་སུ་སད༔ གཉིས་མེད་རོལ་པར་བྱང་ཆུབ་བོ༔ ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་ངས༔ སྙིགས་མའི་འགྲོ་བ་རྗེས་འཛིན་ཕྱིར༔ སྨིན་གྲོལ་དབང་གི་བཅུད་འདི་གདམས༔ མོས་གུས་ལྡན་པའི་སྐལ་ལྡན་གྱི༔ འདི་ལྟར་དམིགས་བསྒོམ་གནད་ལྡན་གྱིས༔ དུས་གསུམ་ཀུན་ཏུ་ཉམས་ལེན་ན༔ རྡོ་རྗེ་འཆང་གི་ས་ཐོབ་འགྱུར༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ བརྒྱུད་འཛིན་བློ་སྣ་ཆོས་སུ་བསྒྱུར༔ ས་མ་ཡ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།མངྒ་ལཾ།།།།