TTDL-ZABTER-14-PHA-055

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-055

བརྡ་ཡིག་༠༠༠༠༠༤༡༩༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ བླ་མའི་གསོལ་འདེབས་བྱིན་རླབས་གཏེར་མཛོད་བཞུགས༔ གཉིད་འོད་གསལ་འདྲེས་པའི་སྣང་བ་ལ༔ ཡུལ་ཡངས་པ་ཆེན་པོའི་གནས་ཞིག་ན༔ ཤིང་ལྗོན་པའི་རྩེ་མོ་དགུང་ལ་སྙེགས༔ དེ་ཡལ་ག་ལོ་མ་འཇའ་རིས་འཁྲུངས༔ དེར་རྨ་བྱ་མཛེས་ལྡན་གཅིག་ཕེབས་ནས༔ ལུས་སྤྲུགས་ཤིང་ངག་ནས་འདི་སྐད་ཟེར༔ ཀྱེ་སྐྱེས་བུ་ཆེན་པོ་ཁྱོད་ཉོན་དང་༔ ད་ང་ངོ་ཁྱོད་ཀྱིས་མ་ཤེས་ན༔ ང་ལྷ་མོ་རྨ་བྱ་ཆེན་མོ་ཡིན༔ དབྱིངས་དེ་ལས་འདི་རུ་ལྷགས་པའི་དོན༔ ཀླུ་སྙན་པའི་ཚིག་གིས་སྨྲ་འདོད་ཕྱིར༔ ད་སྨྲ་བ་འདི་ཉིད་ལེགས་པར་ཉོན༔ ཀྱཻ༔ གཞི་དབྱིངས་གདལ་ཁྱབ་ཀྱི་ཀློང་ཆེན༔ ལྷུན་གྲུབ་ཡོན་ཏན་གྱི་གཏེར་ཆེན༔ ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས༔ དཔལ་མགོན་བླ་མ་དེ་མཁྱེན་ནོ༔ འཁོར་འདས་དག་མཉམ་གྱི་ངོ་བོ༔ སྐྱོན་བྲལ་ཡོན་ཏན་གྱི་རང་བཞིན༔ མཐའ་བྲལ་ཕྱོགས་མེད་ཀྱི་ཐུགས་རྗེ༔ དཔལ་མགོན་བླ་མ་དེ་མཁྱེན་ནོ༔ མ་བཅོས་རྫོགས་ལྡན་གྱི་ལྟ་བ༔ རང་ཐོག་རང་བབས་ཀྱི་བསྒོམ་པ༔ བྱ་བྲལ་ངང་གནས་ཀྱི་སྤྱོད་པ༔ དཔལ་མགོན་བླ་མ་དེ༴དལ་འབྱོར་རྙེད་དཀའ་རང་དྲན་པས༔ དོན་མེད་བྱ་བཞག་ཀུན་སྤངས་ཏེ༔ མི་ལུས་དོན་ལྡན་དུ་འགྲུབ་པར༔ དཔལ་མགོན་བླ་མ་དེ༴རྟག་འཛིན་ཞེན་པ་ལས་ལྡོག་སྟེ༔ འདི་སྣང་སྒྱུ་མ་རུ་ཤར་ནས༔ འཆི་བ་སྙིང་ནས་རང་དྲན་པར༔ དཔལ་མགོན་བླ་མ་དེ༴དགེ་སྡིག་རྣམ་སྨིན་ལ་བསམ་ནས༔ དྲན་ཤེས་བག་ཡོད་དང་ལྡན་ཏེ༔ བླང་དོར་གནས་ལ་ཡང་མཁས་པར༔ དཔལ་མགོན་བླ་མ་དེ༴འཁོར་བའི་སྡུག་བསྔལ་ལ་བསམ་ནས༔ སྐྱོ་ཞིང་སུན་པ་རང་སྐྱེས་ཏེ༔ ཐར་པ་དོན་གཉེར་ཞིག་ཐུབ་པར༔ དཔལ་མགོན་བླ་མ་དེ༴འདི་ཕྱི་བར་དོ་དང་གསུམ་དུ༔ སྐྱབས་མགོན་དཔུང་གཉེན་དུ་བསྟེན་ནོ༔ འབྲལ་མེད་རྗེས་སུ་རང་བཟུང་བར༔ དཔལ་མགོན་བླ་མ་དེ༴སྐྱེ་བ་ཚེ་རབས་དུས་ཀུན་ཏུ༔ རང་འདོད་འཁྲི་བ་དང་བྲལ་བའི༔ གཞན་དོན་ལྷུར་ལེན་གྱི་བྱམས་བརྩེ༔ བྱང་ཆུབ་སེམས་མཆོག་ཞིག་སྐྱེ་བར༔ དཔལ་མགོན་བླ་མ་དེ༴བྱང་ཆུབ་མ་ཐོབ་ཀྱི་བར་དུ༔ ལོངས་སྤྱོད་བསོད་ནམས་དང་དགེ་རྩ༔ བླ་མའི་ཞབས་ཏོག་ཏུ་འགྱུར་བར༔ དཔལ་མགོན་བླ་མ་དེ༴སྒྲིབ་གཉིས་བག་ཆགས་ཀྱི་དྲི་མ༔ འགྱོད་ཚངས་བཤགས་སྡོམ་གྱིས་དག་ནས༔ བྱ་བྱེད་དགེ་བ་རུ་འགྱུར་བར༔ དཔལ་མགོན་བླ་མ་དེ༴འཆི་བ་ཐོག་བབས་སུ་བྱུང་ཚེ༔ ཟབ་ལམ་འཕོ་བ་ལ་བརྟེན་ནས༔ རྣམ་དག་ཞིང་ཁམས་ཞིག་སྦྱོང་བར༔ དཔལ་མགོན་བླ་མ་དེ༴རིགས་ཀྱི་བདག་པོ་རུ་བཞུགས་ནས༔ དབང་དང་བྱིན་རླབས་ཀྱི་ཆུ་བོས༔ བདག་རྒྱུད་སྨིན་གྲོལ་ཞིག་མཛད་པར༔ དཔལ་མགོན་བླ་མ་དེ༴ངེས་མེད་གཉན་ཁྲོད་དུ་འགྲིམ་ཞིང་༔ བདག་མེད་ཤེས་རབ་ཀྱི་དོན་རྟོགས༔ འཇིགས་མེད་གདིང་ཆེན་ཞིག་ཐོབ་པར༔ དཔལ་མགོན་བླ་མ་དེ༴སྣོད་བཅུད་གཞལ་ཡས་དང་ལྷ་སྔགས༔ དཀྱིལ་འཁོར་གསུམ་ལྡན་གྱི་རོལ་པར༔ དག་སྨིན་གྲོལ་ཐོབ་ཞིག་འབྱུང་བར༔ དཔལ་མགོན་བླ་མ་དེ༴རྩ་ཐིག་རླུང་གསུམ་གྱི་བཀོད་པ༔ སྐུ་གསུམ་ཡེ་ཤེས་སུ་སྨིན་ཅིང་༔ དབྱིངས་ཡེ་མཉམ་བརྡལ་དུ་གྲོལ་བར༔ དཔལ་མགོན་བླ་མ་དེ༴ཆོས་ཀུན་ཆོས་ཉིད་ཀྱི་རོལ་པར༔ གནས་ལུགས་ཅི་བཞིན་པར་མཐོང་སྟེ༔ བདག་མེད་ཤེས་རབ་མཆོག་ཐོབ་པར༔ དཔལ་མགོན་བླ་མ་དེ༴ཟབ་གསང་བླ་མེད་ཀྱི་དོན་རྟོགས༔ ཆོས་ཟད་བློ་འདས་ཀྱི་དབྱིངས་སུ༔ མངོན་རྫོགས་སངས་རྒྱས་ཞིག་ཐོབ་པར༔ དཔལ་མགོན་བླ་མ་དེ༴གནས་ལུགས་ལྷུམས་འཇུག་གི་གསང་ལམ༔ སྒྲོན་མ་རྣམ་བཞི་ལ་བརྟེན་ནས༔ ཆོས་ཉིད་མངོན་སུམ་དུ་མཐོང་བར༔ དཔལ་མགོན་བླ་མ་དེ༴མ་དག་སྙིགས་མ་ཡི་སྣང་ཉམས༔ དག་དབྱིངས་དྭངས་མ་ཡི་མཁར་སངས༔ ཉམས་སྣང་གོང་འཕེལ་ཞིག་འབྱུང་བར༔ དཔལ་མགོན་བླ་མ་དེ༴དབྱིངས་རིག་དག་མཉམ་གྱི་རོལ་པར༔ ལྷུན་གྲུབ་ལོངས་སྐུ་ཡི་ཚོམ་བུར༔ སྨིན་པའི་ཚད་ཕེབས་རང་འབྱུང་བར༔ དཔལ་མགོན་བླ་མ་དེ༴གཟུང་འཛིན་ཡུལ་མེད་དུ་སངས་ནས༔ ཆོས་ཀུན་ཆོས་ཉིད་དུ་ཟད་པའི༔ ཆོས་ཟད་བློ་འདས་ཞིག་འབྱུང་བར༔ དཔལ་མགོན་བླ་མ་དེ༴གཞི་རིག་ཡོན་ཏན་ལ་དབང་བྱས༔ གདིང་ཐོབ་ཡུལ་རྐྱེན་གྱིས་མི་བསྒྱུར༔ ངང་གནས་ཆོས་སྐུ་རུ་གྲོལ་བར༔ དཔལ་མགོན་བླ་མ་དེ་མཁྱེན་ནོ༔ འཇའ་ལུས་འཕོ་ཆེན་དུ་སངས་རྒྱས༔ གཞོན་ནུ་བུམ་སྐུ་རུ་དབང་བསྒྱུར༔ འཁོར་བ་དོང་ནས་རང་སྤྲུགས་པར༔ དཔལ་མགོན་བླ་མ་དེ་མཁྱེན་ནོ༔ ཞེས་གླུ་རིང་དེ་བླངས་ནས་ནམ་མཁའ་ལ་མདའ་གང་འཕུར་ཏེ༔ བསོད་ནམས་བཀྲ་ཤིས་དེ་ལ༔ ཨ་མའི་ཀློང་གི་མཛོད་ནས༔ ཨ་གླུ་བགོ་སྐལ་བཏང་ཡོད༔ ཨ་དོན་སེམས་ལ་འཆང་ན༔ ཨ་སྒྲ་བཞིན་དུ་ཡལ་འགྲོ༔ ཞེས་ཟེར་ཞིང་ཡལ་ལོ༔ མི་རྒན་འཁྲུལ་པའི་རབ་རིབ་ཉམས།།བདུད་འཇོམས་རྡོ་རྗེ་དེ་ཡིས་སོ།།།།