TTDL-ZABTER-14-PHA-058

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-058

བརྡ་ཡིག་༠༠༠༠༠༤༢༧༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ རྩ་གསུམ་གསོལ་འདེབས་བར་ཆད་ཀུན་སེལ་བཞུགས་སོ༔ ཨེ་མ་ཧོཿནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས༔ གནས་མཆོག་རི་བོ་ཏ་ལའི་རྩེ་མོ་ན༔ རྒྱལ་སྲས་སྤྱན་རས་གཟིགས་ལ༴རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ན༔ ཨོ་རྒྱན་རིན་པོ་ཆེ་ལ༴རྣམ་དག་གཡུ་ལོ་བཀོད་པའི་ཞིང་ཁམས་ན༔ འཕགས་མ་སྒྲོལ་མའི་ཞབས་ལ༴ཕོ་བྲང་མེ་འབར་གླིང་དགུའི་གཞལ་ཡས་ན༔ སྒྲུབ་པ་བཀའ་བརྒྱད་ལྷ་ལ༴དག་པ་མཁའ་སྤྱོད་གཞལ་ཡས་དམ་པ་ན༔ མ་མོ་མཁའ་འགྲོའི་ཚོགས་ལ༴མངོན་སྤྱོད་དྲག་པོའི་ལས་ལ་བསྔགས་པ་ཡི༔ བཀའ་སྲུང་དམ་ཅན་རྣམས་ལ༴དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ སྔོན་ལས་འཕྲལ་རྐྱེན་ངན་པས་བསྡུས་པ་ཡི༔ དགྲ་འདྲེ་ནད་མུག་མཚོན་གྱི་བསྐལ་ངན་སོགས༔ མི་འདོད་ཉེ་བར་འཚེ་བ་ཐམས་ཅད་བཟློག༔ ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་གྱུར་ནས༔ བཀྲ་ཤིས་བདེ་སྐྱིད་དཔལ་གྱིས་འཚོ་བར་མཛོད༔ ནམ་ཞིག་ཚེ་ཡི་འདུ་བྱེད་བསྟུང་བའི་ཚེ༔ བར་དོར་ཡེ་ཤེས་སྒྱུ་མའི་སྐུ་མཆོག་གིས༔ དབང་བསྐུར་བྱིན་རླབས་ལུང་བསྟན་དབུགས་དབྱུང་ནས༔ ནུབ་ཕྱོགས་བདེ་བ་ཅན་དུ་ལམ་སྣ་དྲོངས༔ དུས་གསུམ་ལས་ཀྱིས་འབྲེལ་བའི་སྐྱེ་འགྲོ་ཀུན༔ དག་པའི་ཞིང་མཆོག་དེ་རུ་འདྲེན་པར་ཤོག༔ དུས་གསུམ་ཀུན་ཏུ་མོས་གུས་དྲག་པོ་ཡིས༔ གསོལ་བ་བཏབ་པས་འཕྲལ་ཕུག་དགེ་ལེགས་འཕེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་ཏེ་སྦྱིན་བདག་བསོད་ནམས་རྩེ་མོའི་ངོར་གཏན་ལ་ཕབ་པའོ།།དགེའོ།།།།