TTDL-ZABTER-14-PHA-060
TTDL-ZABTER-14-PHA-060
༄༅།།གསོལ་འདེབས་ཡིད་བཞིན་ནོར་བུ་ཕ་རོལ་དཔུང་འཇོམས་བཞུགས་སོ༔ ཨེ་མ་ཧོཿརང་སྣང་རྣམ་དག་དོན་གྱི་འོག་མིན་ནས༔ གཞི་ཡི་ཆོས་སྐུ་ཀུན་ཏུ་བཟང་པོ་དང་༔ དབྱེར་མེད་ངོ་བོ་དྲིན་ཆེན་བླ་མ་ལ༔ གསོལ་བ་འདེབས་སོ་གནས་ལུགས་རང་ཞལ་སྤྲོད༔ གཞི་སྣང་ལྷུན་གྲུབ་ཡོན་ཏན་རྒྱ་མཚོའི་གཏེར༔ རྣམ་པར་སྣང་མཛད་རིགས་ལྔ་གངས་ཆེན་མཚོ༔ དབྱེར་མེད་ངོ་བོ་དྲིན་ཆེན་བླ་མ་ལ༔ གསོལ་བ་འདེབས་སོ་ཡེ་ཤེས་རང་ཞལ་སྤྲོད༔ གཞི་རྩལ་མ་འགགས་ཆོས་ཉིད་ནམ་མཁའ་མཛོད༔ སྐུ་དང་ཞིང་ཁམས་བཀོད་པ་མཐའ་ཡས་དཔལ༔ ཡོངས་རྫོགས་ངོ་བོ་དྲིན་ཆེན་བླ་མ་ལ༔ གསོལ་བ་འདེབས་སོ་ཤེས་རབ་རང་ཞལ་སྤྲོད༔ བརྡལ་ཁྱབ་སྤྲོས་པ་བྲལ་བའི་ཀློང་ཡངས་སུ༔ སངས་རྒྱས་ཀུན་འདུས་པདྨ་འབྱུང་གནས་དང་༔ དབྱེར་མེད་ངོ་བོ་དྲིན་ཆེན་བླ་མ་ལ༔ གསོལ་བ་འདེབས་སོ་བསམ་དོན་ལྷུན་གྲུབ་མཛོད༔ གསལ་ཁྱབ་སྒྲིབ་གཡོགས་བྲལ་བའི་གཞལ་ཡས་སུ༔ ཨོ་རྒྱན་མི་ཤིགས་རྡོ་རྗེ་ལྷུན་པོ་དང་༔ དབྱེར་མེད་ངོ་བོ་དྲིན་ཆེན་བླ་མ་ལ༔ གསོལ་བ་འདེབས་སོ་སྡུག་བསྔལ་ཀུན་ཞི་མཛོད༔ ལྷུན་འཐུག་ཡོན་ཏན་བཀོད་པའི་ཞིང་ཁམས་སུ༔ ཨོ་རྒྱན་གཏེར་བདག་རིན་ཆེན་རྒྱལ་པོ་དང་༔ དབྱེར་མེད་ངོ་བོ་དྲིན་ཆེན་བླ་མ་ལ༔ གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཆགས་བྲལ་པདྨ་འོད་ཀྱི་གཞལ་ཡས་ན༔ ཨོ་རྒྱན་དབང་དྲག་བདེ་ཆེན་རྒྱལ་པོ་དང་༔ དབྱེར་མེད་ངོ་བོ་དྲིན་ཆེན་བླ་མ་ལ༔ གསོལ་བ་འདེབས་སོ་སྣང་སྲིད་དབང་དུ་བསྡུས༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་གཞལ་ཡས་སུ༔ ཨོ་རྒྱན་མངོན་སྤྱོད་གྲུབ་པའི་རྒྱལ་པོ་དང་༔ དབྱེར་མེད་ངོ་བོ་དྲིན་ཆེན་བླ་མ་ལ༔ གསོལ་བ་འདེབས་སོ་མི་སྲུན་དགྲ་བགེགས་སྒྲོལ༔ སྣང་སྲིད་གཞིར་བཞེངས་རང་བྱུང་གཞལ་ཡས་ན༔ འགྲོ་བའི་སྐྱབས་མགོན་ཨོ་རྒྱན་རིན་པོ་ཆེ༔ དབྱེར་མེད་ངོ་བོ་དྲིན་ཆེན་བླ་མ་ལ༔ གསོལ་བ་འདེབས་སོ་དུས་ཀྱི་གཡོ་འཁྲུགས་བཟློག༔ སྟོང་གསུམ་མི་མཇེད་བཀོད་པ་མཐའ་ཡས་ན༔ གདུལ་དཀའ་འདུལ་མཛད་པདྨ་ཐོད་ཕྲེང་རྩལ༔ དབྱེར་མེད་ངོ་བོ་དྲིན་ཆེན་བླ་མ་ལ༔ གསོལ་བ་འདེབས་སོ་མཐའ་དམག་དུས་འཁྲུགས་བཟློག༔ ཡིད་བཞིན་རིན་ཆེན་གཏེར་གྱི་གཞལ་ཡས་ནས༔ ཨོ་རྒྱན་ནོར་བདག་རིན་ཆེན་རྒྱལ་པོ་དང་༔ དབྱེར་མེད་ངོ་བོ་དྲིན་ཆེན་བླ་མ་ལ༔ གསོལ་བ་འདེབས་སོ་དབུལ་ཕོངས་འབྱོར་རྒུད་སྐྱོབས༔ ལྷན་སྐྱེས་ཡེ་ཤེས་གཉུག་མའི་གཞལ་ཡས་ན༔ རིག་སྟོང་ཨོ་རྒྱན་མཁའ་སྤྱོད་དབང་པོ་དང་༔ དབྱེར་མེད་ངོ་བོ་དྲིན་ཆེན་བླ་མ་ལ༔ གསོལ་བ་འདེབས་སོ་བསམ་དོན་ལྷུན་གྲུབ་མཛོད༔ ནམ་མཁའ་རྣམ་པར་དག་པའི་གཞལ་ཡས་ན༔ གཞི་ཡི་ཆོས་སྐུ་བདེ་གཤེགས་སྙིང་པོ་དང་༔ དབྱེར་མེད་ངོ་བོ་དྲིན་ཆེན་བླ་མ་ལ༔ གསོལ་བ་འདེབས་སོ་རྣམ་གྲོལ་ཞིང་དུ་དྲོངས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ལན་གསུམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རང་སློབ་དམ་པ་བློ་འཕེལ་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ།།དགེའོ།།།།