TTDL-ZABTER-14-PHA-061
TTDL-ZABTER-14-PHA-061
བརྡ་ཡིག་༠༠༠༠༠༤༣༥༔ དག་སྣང་ལས༔ ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་གསོལ་འདེབས་དངོས་གྲུབ་རྒྱ་མཚོ་བཞུགས་སོ༔ ཨེ་མ་ཧོཿརིགས་དང་དཀྱིལ་འཁོར་ཀུན་གྱི་བདག་ཉིད་དཔལ༔ མཚོ་སྐྱེས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས༔ བདག་རྒྱུད་བྱིན་གྱིས་རློབས་ལ་བར་ཆད་སེལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཅེས་པ་འདི་ཡང་ཡར་ངོའི་ཚེས་བཅུའི་ནུབ་སྤྲང་བདུད་འཇོམས་རྡོ་རྗེ་ལ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་གདམས་པའོ།།།།ཨེ་མ་ཧོཿསྔོན་ཚེ་རྣལ་འབྱོར་དབང་ཕྱུག་ནུས་ལྡན་པ༔ བར་དུ་པདྨའི་རྒྱལ་ཚབ་བདུད་འདུལ་གླིང་༔ མ་འོངས་སངས་རྒྱས་མོས་པ་མཐའ་ཡས་ཞབས༔ ད་ལྟ་པད་འབྱུང་དངོས་སྣང་བདུད་འཇོམས་གླིང་༔ ཟོལ་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ དུས་གསུམ་འདུ་འབྲལ་མེད་པར་བྱིན་གྱིས་རློབས༔ མ་རིག་འཁོར་བའི་རྩ་བ་དྲུང་འབྱིན་ནས༔ སྐུ་གསུམ་འབྲས་བུའི་རང་ས་ཟིན་པར་ཤོག༔ མངྒ་ལཾ།།ཨེ་མ་ཧོཿཀ་དག་ཕྱོགས་ཡན་ཆེན་པོའི་ཀློང་ཡངས་སུ༔ སྐུ་དང་ཡེ་ཤེས་རང་བྱུང་ལྷུན་གྲུབ་ངང་༔ ཆོས་ཀུན་སྒྱུ་མར་རོལ་པའི་བརྟུལ་ཞུགས་ཀྱིས༔ འཁོར་འདས་དག་མཉམ་ངང་དུ་འབྱམས་ཀླས་པའི༔ གདིང་ཐོབ་རྣལ་འབྱོར་རྡོ་རྗེ་ཁྲོ་ལོད་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཚེ་རབས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ༔ འཁོར་བ་དོང་ནས་སྤྲུགས་པའི་དབུགས་དབྱུང་མཛོད༔ དད་ལྡན་དགེ་བཙུན་བསྟན་བཟང་ཞེས་བྱའི་ངོར།།སྒྱུ་མའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེས་བྲིས།།།།