TTDL-ZABTER-14-PHA-067
TTDL-ZABTER-14-PHA-067
༄༅།།ཨོ་རྒྱན་རྒྱལ་ཚབ་འགྲོ་འདུལ་སྤྲུལ་པའི་སྐུ༔ གཞིར་གནས་ཆོས་སྐུ་མངོན་གྱུར་རིག་པའི་མཁར༔ འཁོར་འདས་དག་མཉམ་རོལ་པའི་གདིང་ཆེན་ཐོབ༔ བདུད་འཇོམས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས༔ ཞེས་རང་སློབ་དམ་པ་རྡོ་རྗེ་རྣམ་པར་རྒྱལ་བས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་བསྒྱུར་བ་དགེའོ།།།།སྭསྟི༔ རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས༔ མཁྱེན་བརྩེ་ནུས་པའི་སྟོབས་ཤུགས་བསླུ་མེད་མཐུས༔ པད་འབྱུང་ཕྲིན་ལས་རོལ་གར་དཔལ་འཛིན་པའི༔ ཚེ་བསོད་དཔལ་འབྱོར་མཛད་ཕྲིན་འཕེལ་རྒྱས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པ་འདི་གྲུབ་དབང་སྒམ་བུ་པའི་སྐུ་ཕྲེང་བཞི་པའི་ཞབས་པད་བརྟན་ཕྱིར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སོ།།དགེའོ།།དགེའོ།།དགེའོ།།།།༈དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ ཁྱབ་བདག་སྤྱི་དཔལ་པདྨ་འབྱུང་གནས་མཁྱེན༔ ཚེ་རབས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ༔ མགོན་པོ་ཁྱེད་ཀྱིས་རྗེས་སུ་འཛིན་གྱུར་ཅིག༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གཏེར་སྟོན་པས་སོ།།།།