TTDL-ZABTER-14-PHA-068
TTDL-ZABTER-14-PHA-068
བརྡ་ཡིག་༠༠༠༠༠༤༤༩༔ མཁའ་འགྲོ་རལ་གྲི་འབར་མ་ཡིས༔ ཨེ་མ་ཧོཿཆོས་ཉིད་མངོན་སྣང་ཞིང་གི་མཆོག༔ ཉམས་སྣང་གོང་འཕེལ་གཞལ་ཡས་སུ༔ ཚད་ཕེབས་ལོངས་སྐུའི་བཀོད་པ་ངོམས༔ ཆོས་ཟད་བློ་འདས་བདུད་འཇོམས་གླིང་༔ གཉིས་མེད་རིག་པས་གསོལ་བ་འདེབས༔ གཞོན་ནུ་བུམ་སྐུའི་ས་རུ་དྲོངས༔ ཞེས་དད་ལྡན་དེ་ཡི་ངོར་བདུད་འཇོམས་པས་སོ།།།།༈གདོད་ནས་ཡང་དག་རྫོགས་པའི་སངས་རྒྱས་ཀྱི༔ སྒྱུ་འཕྲུལ་སྤྲུལ་པའི་ཟློས་གར་བསྒྱུར་བའི་དཔལ༔ བོ་དྷི་ས་ཏྭས་བསྟན་པའི་རྒྱལ་མཚན་བཙུགས༔ མཚོ་སྐྱེས་རྡོ་རྗེས་བདུད་སྡེ་གདུག་པ་འདུལ༔ མངའ་བདག་རྒྱལ་པོས་གཞན་སྣང་དབང་དུ་བསྒྱུར༔ བཀའ་དྲིན་བསམ་འདས་གསུམ་ལ་གསོལ་བ་འདེབས༔ བདག་སོགས་འཁོར་བཅས་ཚེ་རབས་ཐམས་ཅད་དུ༔ སྐྱབས་མཆོག་ཁྱེད་ཀྱི་རྗེས་སུ་འཛིན་གྱུར་ཅིག༔ བདུད་འཇོམས་རྡོ་རྗེས་སོ།།།།