TTDL-ZABTER-14-PHA-073

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-073

བརྡ་ཡིག་༠༠༠༠༠༤༥༩༔ གསོལ་འདེབས་བུམ་བཟང་དངོས་གྲུབ་རྒྱ་མཚོ་བཞུགས་སོ༔ ཨེ་མ་ཧོཿརང་སྣང་སྐུ་གསུམ་ཡོངས་གྲུབ་ཆེན་པོའི་ཀློང་༔ རང་རིག་ཀ་དག་ཆོས་སྐུའི་རོལ་པ་ལས༔ རང་མདངས་སྒྱུ་མའི་རྣལ་འབྱོར་སྦས་ཚུལ་ཅན༔ རང་གྲོལ་གདམས་པའི་མཛོད་འཛིན་བདུད་འཇོམས་གླིང་༔ རང་རྒྱུད་ཟོལ་མེད་གདུང་བས་གསོལ་འདེབས་ཀྱིས༔ རང་རིག་རང་ངོར་སངས་པར་བྱིན་གྱིས་རློབས༔ སྐལ་མཆོག་འདྲེན་སྟོན་རྒྱ་མཚོའི་གཙུག་རྒྱན་མཆོག༔ སྐལ་ལྡན་བློ་ཡི་པདྨོ་བཞད་པའི་ཚལ༔ སྐལ་ལྡན་སྙན་བརྒྱུད་ཟབ་མོའི་བདུད་རྩི་འབེབས༔ སྐལ་དམན་བདག་གི་གསོལ་འདེབས་རྒྱུད་བྱིན་རློབས༔ ཆོས་ཉིད་སྒྱུ་མར་རོལ་པའི་དུར་ཁྲོད་ནས༔ ཆོས་བདག་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་བདག༔ ཆོས་མིན་ལོག་རྟོག་འཇོམས་པའི་ཧེ་རུ་ཀ༔ ཆོས་ཉིད་ཀློང་མཛོད་ཆེན་པོར་གསོལ་བ་འདེབས༔ ཆོས་ཀུན་ཁོང་དུ་ཆུད་པར་བྱིན་གྱིས་རློབས༔ སྐུ་གསུམ་ལྷུན་གྲུབ་པདྨ་འབྱུང་གནས་དང་༔ སྐུ་བཞིའི་བདག་ཉིད་བླ་མ་རིན་པོ་ཆེ༔ སྐུ་དང་ཡེ་ཤེས་རོལ་པར་གསོལ་འདེབས་ཀྱི༔ སྐུ་གཉིས་མངོན་དུ་འགྱུར་བར་བྱིན་གྱིས་རློབས༔ རྫོགས་པའི་སངས་རྒྱས་ཡེ་རིག་ཀུན་ཏུ་བཟང་༔ རྫོགས་སྐུ་མཚན་མ་ཚིག་བྲལ་ཟང་ཐལ་སྐུ༔ རྫོགས་ཆེན་རྣལ་འབྱོར་ཆེན་པོར་བྱིན་རླབས་ནས༔ རྫོགས་པ་ཆེན་པོའི་ཀློང་དུ་རོ་གཅིག་ཤོག༔ ཅེས་པ་འདི་བུ་གཅིག་ཆོས་ཀྱི་རྡོ་རྗེས་ནན་དུ་བསྐུལ་བའི་ངོར་སྤྲང་སྨྱོན་བདུད་འཇོམས་རྡོ་རྗེ་ཞེས་བྱ་བ་ཀུན་གྱི་ཐ་ཤལ་མ་ནུས་ཟོབ་རྫུན་མཁན་གཤེ་སྐུར་གླེང་མོའི་གནས་སུ་གྱུར་པ་དེས་མཁའ་འགྲོའི་བརྡའ་ལ་བརྟེན་ནས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིགདགེའོ།།།།