TTDL-ZABTER-15-BA-101
TTDL-ZABTER-15-BA-101
དག་སྣང་ཡེ་ཤེས་དྲྭ་བ་ལས༔ དམོད་བཅོལ་དགྲ་སྲོག་གཅོད་པའི་སྤུ་གྲི་བཞུགས་སོ༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ ཆོས་སྡེའི་བསྟན་དགྲ་འདུལ་བའི་དམོད་བཅོལ་འདི༔ ཉེར་དགུའི་དུས་སུ་ཕུད་དང་ཤ་ཁྲག་གཏོར་མ་བཤམས་ཏེ༔ སྡེ་བརྒྱད་དྲེགས་པའི་ཚོགས་ལ་མཆོད་གསོལ་བྱས་མཐར༔ རང་ཡི་དམ་ལྷའི་ང་རྒྱལ་དང་ལྡན་པས་དམོད་བཅོལ་འདི་ཀ་དྲག་ཏུ་བརྗོད་པར་བྱ༔ ཧོ༔ དགོངས་སུ་གསོལ་ལོ༔ ལན་གསུམ༔ ཕ་བརྒྱུད་པ་དགུ་ལྡན་གྱི་བླ་མ༔ ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ༔ སྲིད་པ་མ་མོའི་དཀྱིལ་འཁོར་ཐམས་ཅད་སྙན་གསན་ཅིང་དགོངས་སུ་གསོལ༔ ཡེ་ཤེས་དང་ལས་ལ་གྲུབ་པའི་མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་སྲུང་མ་དམ་ཅན་རྒྱ་མཚོ་ཐམས་ཅད་སྙན་གསན་ཅིང་དགོངས་སུ་གསོལ༔ བཀའི་ལྷ་སྲིན་སྡེ་བརྒྱད་སྣང་སྲིད་ཡུལ་ལྷ་གཞི་བདག་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པ་མྱུར་མགྱོགས་ཀྱི་ཤུགས་དང་ལྡན་པ་སྲོག་གཅོད་ཀྱི་ལས་ལ་དགའ་བ༔ ཤ་དྲོན་མོ་ཟས་སུ་ཟ་ཤིང་ཁྲག་དྲོན་མོ་སྐོམ་དུ་འཐུང་བ༔ དམོད་བསྐུལ་དང་གཏོར་ཟོར་གྱི་སྣ་ལ་རྒྱུག་པའི་བསྟན་སྲུང་དམ་ཅན་རྒྱ་མཚོ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་སྙན་གསན་ཅིང་དགོངས་སུ་གསོལ༔ བཀའ་དང་དམ་ཚིག་གཉན་པོ་དཔང་དུ་བཙུགས་ཤིང་གཏའ་རུ་བཞག་སྟེ་ཕྲིན་ལས་སུ་བཅོལ་བ་ནི༔ ང་ཡི་དགོན་པ་དང་ཆོས་སྒར་འདི་རུ་གནོད་པ་དང་གནོད་པའི་སེམས་དང་ལྡན་པ༔ སྡང་བ་དང་སྡང་བའི་སེམས་དང་ལྡན་པ༔ དྲག་ཤུལ་དང་དྲག་ཤུལ་གྱི་སེམས་དང་ལྡན་པ༔ རྒོལ་བ་དང་རྒོལ་བའི་སེམས་དང་ལྡན་པ༔ ཕོད་བཙུགས་པ༔ དོ་བརྡོ་བ༔ ཡ་བཟུང་བ༔ འགྲས་བཙལ་བ༔ སྔ་དགྲ་བྱས་ཟིན་པ༔ ཕྱི་དགྲ་ཡིད་ལ་སེམས་པ༔ ད་དགྲ་ལག་ལེན་འདེབས་ཤིང་དང་དུ་ལེན་པ༔ ཕྱིའི་རྟ་ལུག་གནག་ཕྱུགས་ལ་རྐུ་བ༔ ནང་གི་ནོར་དང་བསྒྲུབ་རྒྱག་ཁ་ཟས་ཀ་ཆ་དཀོར་ལ་རྐུ་བ༔ ཆོས་སྒར་ནང་དུ་ཁྱི་རྐུན་གདུག་པ་ཅན་གཏོང་མི༔ དགེ་འདུན་འཁོར་ལོའི་དབྱེན་བྱེད་འཛིང་ཐབས་ཁ་མཆུའི་སྒོ་ནས་དགེ་འདུན་གྱི་འདུ་བ་དཀྲུགས་པའི་དམ་ཉམས་པའི་དམ་སྲིའི་རིགས་སུ་གྱུར་པ་ཐམས་ཅད་ཀྱི་མགོ་བོ་ཚལ་པ་བརྒྱ་རུ་འགས་ཤིང་ཀླད་པ་དཀར་པོ་ཞོ་ལྟར་དཀྲུགས་ཤིག༔ སྙིང་ཁྲག་དམར་པོ་ཁ་ནས་དྲོངས་ལ་སྐོམ་དུ་འཐུང་སྐལ་གྱིས་ཤིག༔ གློ་སྙིང་དྲོན་མོ་ཐད་ནས་ཕྱུངས་ལ་གློ་བུར་ཧུར་ཐུམ་རྒྱུག་འགྱེལ་དུ་སོད་ཅིག༔ ནང་རོལ་རྒྱུ་ལོང་འོག་སྒོ་ནས་འཕོང་ལ་བཅོས་མེད་དྲག་ཅིང་རྩུབ་པའི་ནད་ཀྱིས་སོད་ཅིག༔ སྔོན་གྱི་ལས་དང་ཚེ་ཡི་དུས་མ་སྒུག་པར་ལོ་དང་ཟླ་བར་མ་འགྱངས༔ ཞག་དང་ཟ་མའི་ནང་དུ་ཁ་ཟས་ཀྱི་ལྷག་མ་མིད་དུ་མ་ཤོར༔ མི་ཚིགས་གཏམ་གྱི་མཇུག་མ་རྫོགས་པར་སྐད་ཅིག་ཉིད་དུ་སོད་ཅིག་སྒྲོལ་ཅིག༔ ཁྱེད་རྣམས་ཀྱི་ཟ་སྐལ་དགྲ་ཤ་ཡིན་པས་ཁྱི་ལྟོག་གིས་ཤ་ཟན་ལ་རོལ་བ་བཞིན་དུ་ཤ་ལ་རྔམས་ཟས་གྱིས་ཤིག༔ བཏུང་སྐལ་དགྲ་ཁྲག་དྲོན་མོ་ཡིན་པས་སྐོམ་གདུང་དང་ལྡན་པས་ཆུ་ལ་རོལ་པ་བཞིན་དུ་ཁྲག་ལ་རྔམས་རོལ་གྱིས་ཤིག༔ ཕོ་རྒྱུད་ཀྱི་རྩ་བ་རྩད་ནས་ཆོད་ཅིག༔ མོ་རྒྱུད་ཀྱི་རྩ་བ་མངལ་ནས་སྐོམ་ཤིག༔ འོ་དོད་དང་བྲང་བརྡུང་རྒྱུན་མི་འཆད་པར་གྱིས་ཤིག༔ སྤྱིར་དགེ་འདུན་སེར་མོ་བ་རྩེ་གཅིག་དམ་པའི་ཆོས་ལ་བརྩོན་པ་རྣམས་ལ་རྐུ་འཕྲོག་དང་བརྙས་བཅོས་བྱེད་མི་རྣམས་ལ་བཀའི་ཆད་པ་དྲག་པོ་ཕོབ་ཅིག༔ ཡང་ཅིག་གསང་སྔགས་རྫོགས་པ་ཆེན་པོ་འཆད་ཉན་བསྒོམ་སྒྲུབ་བྱེད་པ་ལ་སྒྲོ་བཏགས་སྐུར་འདེབས༔ མཐོ་གནོན་སྨ་ཕབ་བྱེད་པའི་དགྲ་བོ་དང་༔ བར་དུ་གཅོད་པར་བྱེད་པའི་ཕོ་གདོན་རྒྱལ་པོ་མོ་གདོན་འདྲེ་མོ་ཀླུ་གདོན་ས་བདག་རྦོད་གཏོང་རྦད་འདྲེ་གནས་གདོན་ལུས་གདོན་ཚེ་ལ་རྐུ་བ༔ སྲོག་ལ་འཇབ་པ༔ བླ་ལ་ཁྱེར་བ༔ སྐབས་བལྟ་ཞིང་གླག་འཚོལ་བ༔ ཆམ་ནད་ཡམས་ནད་འགོས་ནད་ཀྱི་རིགས་སུ་གཏོང་ཞིང་འགྱེད་པའི་གཟུགས་མེད་གནོད་པར་བྱེད་པའི་བགེགས་ཚོགས་རྣམས་ལ༔ བཀའ་རྒྱུད་བླ་མ་རྣམས་ཀྱི་བཀའི་ཆད་པ་ཆོད་ཅིག༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའི་ཆད་པ་ཆོད་ཅིག༔ མ་མོ་མཁའ་འགྲོ་རྣམས་ཀྱི་བཀའི་ཆད་པ་ཆོད་ཅིག༔ བཀའ་སྲུང་དྲེགས་པའི་ཚོགས་དང་བཅས་པས་བཀའི་ཆད་པ་ཆོད་ཅིག༔ གནོད་བྱེད་དེ་དག་རྣམས་ཀྱི་མཐུ་དང་ནུས་སྟོབས་མེད་པར་གྱིས་ལ་དབང་དུ་བསྡུས་ཤིག༔ བྲན་ཏུ་ཁོལ་ལ་སྲོག་སྙིང་འཕྲོག་ཅིག༔ ཁེ་ཉེན་དང་དབང་ཆུང་དུ་ཐོངས་ཤིག༔ བདག་ཅག་འཁོར་དང་བཅས་པའི་ཕྱོགས་ནས་འཕྲོས་པའི་སྲུང་བ་དང་བྱིན་གྱིས་བརླབས་པའི་རྫས་རྣམས་དགྲ་བགེགས་དེ་དག་རྣམས་ཀྱི་ཚེ་དང་སྲོག་གི་བདུད་དང་དུག་ཏུ་ཕོབ་ཅིག༔ དགྲ་བགེགས་དེ་དག་ཐམས་ཅད་ཀྱི་མིག་ལ་མི་སྡུག་པའི་གཟུགས་སྟོན་ཅིག༔ རྣ་བ་ལ་མི་སྙན་པའི་སྒྲ་སྒྲོགས་ཤིག༔ སེམས་ལ་མི་འདོད་པའི་སྡུག་བསྔལ་བསྐྱེད་ཅིག༔ ཁྱེད་རྣམས་ཀྱི་མཐུ་རྩལ་དང་ནུས་པའི་ཁྱད་ཆོས་དྲག་པོ་མྱུར་དུ་སྟོན་ཅིག༔ དུས་གསུམ་རྒྱལ་བ་རྣམས་ཀྱིས་བཀའ་བསྒོས་ཤིང་དམ་བསྒྲགས་པ་ཡིན་དེ་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་དང་མཉམ་དུ་མ་འགོར་མ་ཕྱིས་མ་འགྱང་བར་མྱུར་དུ་བཞེས་ཤིག་རོལ་ཞིག༔ བཞེས་བཞེས་བཞེས༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གཏོར་མ་དགྲ་ཕྱོགས་སུ་འཕང་ངོ་༔ དེ་ལྟར་ཡང་ཡང་བྱས་པས་དགྲ་བགེགས་ཀུན་སྒྲོལ་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་རང་ཅག་གི་བསྟན་པ་ལ་དགྲ་འདྲེ་འབྱུང་དུ་དོགས་ནས་ཕབ་པའི་ཡི་གེ་རིས་བྱེད་མཁྱེན་རབ་རྒྱ་མཚོའོ༔ བསྟན་འཛིན་གྱི་སྐྱེས་བུ་རྣམས་ལ་དགེའོ།།དགེའོ།།