TTDL-ZABTER-15-BA-108
TTDL-ZABTER-15-BA-108
དག་སྣང་ཡེ་ཤེས་དྲྭ་བ་ལས༔ ས་སྐྱོང་འབྲོང་རི་སྨུག་པོའི་བསང་མཆོད་ཕ་རོལ་དཔུང་འཇོམས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེཿབརྡ་ཡིག༠༠༠༠༤༥༢དགེ་བསྙེན་འབྲོང་རི་སྨུག་པོ་ལ༔ མཉེས་བྱེད་བསང་མཆོད་ཕུལ་བ་ནི༔ ལག་ཏུ་ལེན་པའི་རིམ་པ་ལ༔ བཟང་ཤིང་ཕྱེ་མར་སྤོས་སྣ་དང་༔ ར་ཚིལ་དུ་བ་བཏང་ནས་སུ༔ རང་ཉིད་ཕྱག་ན་རྡོ་རྗེའམ༔ ཐུགས་རྗེ་ཆེན་པོའི་སྐུར་གསལ་ལ༔ སྐུ་ལས་འོད་ཕུང་རབ་འཕྲོས་པས༔ བསང་རྫས་མཆོད་རྫས་དངོས་པོ་ཀུན༔ ཁྱབ་བརྡལ་སྟོང་ཉིད་ཆེན་པོར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་གཏེར༔ འདོད་རྒུའི་དཔལ་ཡོན་ནམ་མཁའ་མཛོད༔ མི་ཟད་རྒྱན་གྱི་འཁོར་ལོའི་སྤྲིནཿཀུན་བཟང་རྣམ་འཕྲུལ་ཆེན་པོར་གྱུར༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ ཨ་ཀཱ་རོ་ཡིས་དཔག་མེད་སྤེལ༔ ནམ་མཁའ་མཛོད་སྔགས་མི་ཟད་གཏེར༔ རྟེན་འབྲེལ་སྙིང་པོས་བརྟན་པར་བྱ༔ བསྭོ༔ དཔལ་ལྡན་བྲག་ལྷ་མགོན་པོ་ནི།སྐྱེས་མཆོག་བཛྲ་ཐིག་ལེ་རྩལ༔ དགེ་བསྙེན་འབྲོང་རོ་སྨུག་པོ་བསང་༔ མགོན་པོ་ནག་པོའི་བཀའ་སྡོད་ཆེ༔ བསིལ་བ་ཚལ་གྱི་ཞིང་སྐྱོང་བ༔ དབུ་རུ་ཞྭ་ཡི་དཀོར་སྲུང་མཆོག༔ འོ་ཡུག་ཤིང་གི་བྲག་བཙན་པོ༔ གངས་རི་གསུམ་ལ་མངའ་དབང་མཛད༔ ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་དབང་ཡང་ནོད༔ དགེ་བསྙེན་འབྲོང་རི་སྨུག་པོ་བསང་༔ བོད་ཁམས་ས་གནས་ཐམས་ཅད་ཀྱི༔ རི་ཐང་རྫ་བྲག་གཙང་ཆབ་ལ༔ དབང་མཛད་དམ་ཅན་མགར་བ་དང་༔ བདུད་སྲིན་མོན་པ་ཨ་ཙ་ར༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ གར་གྱི་དབང་ཕྱུག་འཁོར་བཅས་བསང་༔ ཁྱོད་ཀྱི་མངོན་སྤྱོད་ཕོ་ཉ་ནི༔ མགར་བ་ནག་པོ་སྟོབས་དང་ལྡན༔ ཐེའུ་བྲང་སྟོང་གི་འཁོར་གྱིས་བསྐོར༔ མོན་པ་ཕོ་མོ་བྲན་དུ་འགྱེད༔ དྲག་ཤུལ་སྟོབས་ཀྱི་བདག་པོ་བསང་༔ སྐུ་སྤྲུལ་རྡོ་རྗེ་ལེགས་པ་རྩལ༔ བྲག་བཙན་བརྒྱ་དང་སྨན་མོ་དགུ༔ དམུ་བདུད་ནག་པོ་དྲུག་ཅུས་བསྐོར༔ ཆོ་འཕྲུལ་བདག་པོ་འཁོར་བཅས་བསང་༔ ནམ་མཁའ་དབང་མོ་དཔལ་བཙུན་མ༔ ཀོང་བཙུན་རྡོ་རྗེ་དེ་མོ་ཞེས༔ བཙུན་མོ་གཡུ་ཞལ་བཞིན་བཟང་མ༔ སྨན་བཙུན་སྟོང་སྡེ་དང་བཅས་བསང་༔ ཁྱོད་ཀྱི་བཀའ་ཉན་འཁོར་ཚོགས་ནི༔ ཞང་པོ་སྡོང་ར་དཀར་པོ་བསང་༔ སྒོ་སྲུང་དཔའ་བོ་གཡུ་རྩེ༴ཕྱག་ཚང་རི་བཀྲ་ཕྱུག་པོ༴ནུ་བོ་རྡོ་རྗེ་རྒྱལ་ལྕགས་རྩེ༔ འགུགས་བྱེད་རྭ་ཙ་མཆེད་བརྒྱད༴ལས་བྱེད་རྩེ་ལྷ་འཕན་པོ༴ཤན་པ་སྟག་རྩེ་ནག་པོ༴བླ་མཆོད་རྒྱལ་ཆེན་སྐུ་ལྔ༴ཕྱུགས་རྫི་ཀླུ་མཁར་ཕྱུག་མོ༴སོ་མཁན་བྱ་ར་ནག་པོ༴སྣ་འདྲེན་སྐུ་བླ་བཅུ་གསུམ༴དཔུང་གྲོགས་གཉན་གྱི་རྩེ་མོ༴རྒྱབ་བརྟེན་རྨ་ཆེན་སྤོམ་ར༴སྡོང་ཟླ་གཉན་པོ་གཡུ་རྩེ༴གཞན་ཡང་རྡོ་གསེར་སྨར་གསུམ་གྱི༔ ས་སྐྱོང་ཡུལ་གཞིའི་བདག་པོ་ཀུན༔ འཁོར་འབངས་སྡེ་རིས་བཅས་པ༴དགེ་བསྙེན་འབྲོང་རི་སྨུག་པོ་ཡི༔ གཡས་ནས་འཁོར་བའི་ཕོ་རྒྱུད༴གཡོན་ནས་འཁོར་བའི་མོ་རྒྱུད༴མདུན་ནས་འདུད་པའི་བཀའ་ཉན༴རྒྱབ་ནས་བརྟེན་པའི་དཔུང་ཚོགས༴འདོད་འཇོའི་དམར་གྱི་གཏོར་མ་དང་༔ བཟང་ཤིང་ཕྱེ་མར་བསང་དུད་ཀྱིས༔ བསང་ངོ་མཆོད་དོ་ཐུགས་དམ་བསྐང་༔ རིན་ཆེན་ཁང་བཟང་སུམ་ཐོག་དང་༔ གཡག་ལུག་ར་གསུམ་གཟུགས་འགྲོས་དཀོར༔ ཤ་ཁྲག་འབྲུ་སྨན་ཤིང་ཐོག་རིགས༔ དཀར་གསུམ་མངར་གསུམ་བདུད་རྩི་སྐྱེམས༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་དཀོར༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་ཏེ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ དགྱེས་པར་དགོངས་ཏེ་བཞེས་ནས་ཀྱང་༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཕ་མ་བུ་ཚ་བཞིན་བརྩེས་སྐྱོངས༔ མི་ཕྱུགས་ནད་རིམ་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་མངའ་ཐང་བསྐྱེད༔ སྣང་སྲིད་སྐྱེ་འགྲོ་དབང་དུ་བསྡུས༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ མདོར་ན་མི་མཐུན་ཕྱོགས་རྣམས་ཀུན༔ མྱུར་མགྱོགས་དྲག་ཤུལ་སྟོབས་ཀྱིས་སོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ གཞི་བདག་གཉན་པོ་ཁྱེད་རྣམས་ལ༔ ལས་དང་ཕྲིན་ལས་དེ་བཅོལ་གྱིས༔ འདོད་དོན་ཡིད་བཞིན་བསྒྲུབ་པ་དང་༔ གང་བཅོལ་ཕྲིན་ལས་ཡོངས་གྲུབ་མཛོད༔ དེ་ལྟར་བསང་མཆོད་བྱས་པ་ཡིས༔ ཀོ་ལོང་གདུག་རྩུབ་དང་བྲལ་ཞིང་༔ ཕ་མ་བུ་ཚ་བཞིན་བརྩེས་སྐྱོངས༔ དགེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ༔ ས་མ་ཡ༔ ཨྠིྀ༔ ཞེས་པ་འདི་སློབ་བུ་མཐོང་ལམ་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་ཐོག་མཐའ་བར་གསུམ་ཀུན་དུ་དགེ་བར་གྱུར་ཅིག༔ སརྦ་མངྒ་ལཾ།།དགེའོ།།དགེའོ།།དགེའོ།།།།