TTDL-ZABTER-15-BA-115
TTDL-ZABTER-15-BA-115
རྫ་རྒྱལ་དཔའ་བོའི་གསོལ་མཆོད་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དངོས་སུ་འབྱོར་བའི་མཆོད་པ་ལ༔ ཡིད་ཀྱིས་ནམ་མཁའ་མཛོད་དུ་སྤེལ༔ ཨ་ཀཱ་རོ་ཡི་སྔགས་བརྗོད་ཅིང་༔ རང་ཉིད་ལྷག་པའི་ལྷར་བསྒོམ་སྟེ༔ སྤྱན་འདྲེན་པ་ནི༔ ཧོཿ རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་ཡབ་ཡུམ་འབངས་དང་བཅས་པ་དམ་ཚིག་གཉན་གྱིས་འབོད་དོ༔ མ་ཐོགས་སྐད་ཅིག་ཉིད་ལ་འདིར་གཤེགས་ཤིག༔ བྱོན་ཅིག་བཛྲ་ས་མ་ཡ་ཛ་ཛ༔ ལན་གསུམ་མཐར༔ ཧཱུྃ་ཛ༔ རིག་འཛིན་བླ་མའི་ཐ་ཚིག་ཅན༔ རྫ་རྒྱལ་མི་ཕམ་དཔའ་བོ་ཁྱོད༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་ཀུན༔ འདིར་གཤེགས་བྱམས་བརྩེས་བདག་གྲོགས་མཛོད༔ དངོས་འབྱོར་ཡིད་ཀྱི་རྣམ་སྤྲུལ་པའི༔ འདོད་ཡོན་མི་ཟད་གཏེར་ཆེན་གྱིས༔ གསོལ་ལོ་མཆོད་དོ་དགྱེས་དགོངས་འཚལ༔ ནད་གདོན་བར་ཆད་ཞི་བ་དང་༔ འདོད་རྒུའི་ལོངས་སྤྱོད་འཕེལ་རྒྱས་མཛོད༔ མི་ནོར་ལོངས་སྤྱོད་དབང་དུ་བསྡུས༔ དགྲ་བགེགས་གདུག་པ་ཚར་ཆོད་ཅིག༔ དམ་ལ་མ་འདའ་ས་མ་ཡ༔ ཞེས་པ་འདི་ཡང་དགེ་ལོའི་ངོར་རྒན་པོ་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ།།དགེའོ།།།།