TTDL-ZABTER-15-BA-116
TTDL-ZABTER-15-BA-116
དག་སྣང་ཡེ་ཤེས་དྲྭ་བ་ལས༔ ཇོ་བོ་བྲག་བཙན་གྱི་གསོལ་མཆོད་བསྡུས་པ་ཡིད་བཞིན་དབང་གི་རྒྱལ་པོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མཆོད་རྫས་ཅི་རིགས་བཤམས་བྱས་ཏེ༔ རང་ཉིད་ཡི་དམ་ལྷག་པའི་ལྷའི༔ ང་རྒྱལ་བརྟན་པོའི་གདིང་ལྡན་པས༔ ཧཱུྃ༔ རང་ཉིད་ལྷ་ཡི་མདུན་ས་རུ༔ རིན་ཆེན་སྣ་ཚོགས་ལས་གྲུབ་པའི༔ ཕོ་བྲང་བཀོད་ལེགས་ཡིད་འོང་དབུས༔ ཇོ་བོ་བྲག་བཙན་ཆེན་པོ་ནི༔ རབ་དཀར་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་སྦ་ལྕགས་གཡོན་མདུང་དར༔ སྐུ་ལ་དར་དཀར་ན་བཟའ་གསོལ༔ དབུ་ལ་ཟངས་རྨོག་དར་འཕྲུས་བརྒྱན༔ རིན་ཆེན་ནོར་བུས་མགུལ་རྒྱན་བྱས༔ ཆིབས་རྟ་རགས་པ་རྔོག་ནག་ཆིབས༔ གསེར་སྒ་གསེར་སྲབ་གཡུ་མཐུར་ཅན༔ གཡས་གཡོན་མདུན་རྒྱབ་སྟག་གཟིག་དང་༔ དོམ་དྲེད་འགྱེང་ཞིང་ངར་སྒྲ་སྒྲོགས༔ དུར་བྱ་དཀར་པོ་ཀླད་ན་ལྡིང་༔ སྤྲུལ་པ་བཙན་ཆེན་རོལ་པ་བདུན༔ འཁོར་དུ་ཀླུ་དང་གནོད་སྦྱིན་དང་༔ མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར༔ གནས་གསུམ་ལས་ནི་འོད་འཕྲོས་པས༔ ཇོ་བོ་བྲག་བཙན་ཆེན་པོ་དང་༔ འབྱུང་བའི་བཙན་རྣམས་སྤྱན་དྲངས་བསྟིམ༔ ཨོཾ་ཙནྚ་དྲ་མ་ནི་དྷ་ར་དྷ་ར་ས་མ་ཡ་ཛ་ཛ༔ ཞེས་འབོད་སྔགས་ཅི་མང་བརྗོད་ཅིང་དམིགས་གསལ་གནད་ལྡན་བྱ༔ དེ་ནས་བསྐང་གསོལ་བྱ་བ་ལ༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ཇོ་བོ་བྲག་བཙན་འཁོར་དང་བཅས༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ བསྟན་པ་བསྲུང་ཕྱིར་ཕྱག་ཀྱང་འཚལ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཐུགས་དང་འགལ་བ་ཅི་མཆིས་བཤགས༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ ཞི་རྒྱས་དབང་དང་མངོན་སྤྱོད་ལས༔ གང་བསམ་འབད་མེད་ལྷུན་གྲུབ་མཛོད༔ བཀའ་དམ་གཉན་པོ་དཔང་བཙུག་གོ༔ མ་འདའ་བཛྲ་ས་མ་ཡ༔ འདི་ལྟར་བསྐྱེད་རིམ་གནད་ལྡན་པར༔ རྟག་ཏུ་གྲངས་མང་བསྐྱལ་གྱུར་ན༔ ཕྲིན་ལས་འགྲུབ་པར་གདོན་མི་ཟ༔ ས་མ་ཡ་༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་སྐྱེས་བུ་དབང་ཕྱུག་གིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།།།