TTDL-ZABTER-15-BA-120

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-120

དག་སྣང་ཡེ་ཤེས་དྲྭ་བ་ལས༔ ཙ་རི་དག་རྫོང་གནས་ཀྱི་བདག་པོ་རྡོ་བླ་གཉན་རྩེའི་བསང་གསོལ་འདོད་དོན་ལྷུན་གྲུབ་བཞུགས་སོ༔ ན་མོ་གུ་རུ་ཝེ༔ བསང་དང་མཆོད་རྫས་གང་འོས་ལ༔ སྭ་བྷཱ་ཝ་ཡི་སྔགས་ཀྱིས་སྦྱངས་༔ ནམ་མཁའ་མཛོད་ཀྱི་སྤེལ་ཞིང་བསྒྱུར༔ རང་ཉིད་ཡི་དམ་ལྷར་གསལ་ངང་༔ ཀྱཻ༔ ཀི་བསྭོ་ཆའོ་ལྷ་རྒྱལ་ལོ༔ མདོ་ཁམས་སྐྱེ་མགྲོའི་སྐྱབས་དང་མགོན༔ གནས་མཆོག་བཀྲ་ཤིས་འཁྱིལ་བའི་རྫོང་༔ ཕྱོགས་མཚམས་དབུས་སོགས་རྫོང་དགུ་ལ༔ རྟེན་ཅིང་གནས་བཅས་བརྟེན་པའི་ལྷ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་བསང་༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ འགྲོ་བའི་དོན་ཕྱིར་ཐུགས་རྗེའི་འཕྲུལ༔ སྐུ་གསུང་ཐུགས་ཡོད་ཕྲིན་ལས་ཀྱིས༔ རྟེན་ཚོགས་ཇི་སྙེད་མཆིས་པ་བསང་༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ གང་འདུལ་ཕྲིན་ལས་སྣ་ཚོགས་ཀྱིས༔ གདུལ་བྱ་ཐབས་ཀྱིས་འདུལ་བྱེད་པའི༔ བཀའ་སྲུང་ཆོས་སྐྱོང་རྒྱ་མཚོ་བསང་༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ མཐའ་རུ་འཁོར་ཡུག་རྫོང་ཕྲན་དུ༔ མཚོ་ཆེན་ལྕགས་ཀྱི་སྡིག་པ་ནས༔ བཟུང་སྟེ་ལྷ་དབང་ཀླུ་ཡི་དབང་༔ ལྷ་མ་ཡིན་གྱི་དབང་པོ་དང་༔ མི་འམ་ཅི་ལྗོན་རྟ་མགོ་ཅན༔ གནོད་སྦྱིན་མཁའ་ལྡིང་གསེར་མིག་འཁྱིལ༔ འཇིག་རྟེན་མགོན་པོ་གཙོ་འཁོར་རིགས༔ ཟུར་ཕུད་ལྔ་པ་དྲི་ཟའི་གཙོ༔ མ་ངེས་སྣང་སྲིད་དྲེགས་ཚོགས་གནས༔ དེ་དག་འདུལ་ཞིང་དེའི་གཙོ་མཆོག༔ ཕྱི་ལྟར་རྫ་རི་ནག་པོ་རྔམས༔ ནང་ལྟར་རིན་ཆེན་གཞལ་ཡས་ཁང་༔ གསང་བ་འོག་མིན་ཆོས་དབྱིངས་ཞིང་༔ བརྟེན་པའི་ལྷ་ཆེན་འཇིག་རྟེན་མགོན༔ ཕྱི་ལྟར་སྐུ་བླ་གཉན་གྱི་རྩེ༔ ཆ་ལུགས་མ་ངེས་ཅིར་ཡང་སྟོན༔ ཟོ་དོར་གཉན་གྱི་རྒྱལ་པོ་བསང་༔ གསོལ་ལོ༴ནང་ལྟར་དགེ་བསྙེན་བདུད་འཇོམས་རྩལ༔ མི་དཀར་རྟ་དཀར་བཙུན་ཆས་ཅན༔ གཡས་པས་རལ་གྲི་ཟངས་ཡག་ཕྱར༔ གཡོན་པས་ནོར་བུ་དབང་རྒྱལ་བསྣམས༔ དྲེགས་པའི་འཁོར་དང་བཅས་པ་ལ༔ གསོལ་ལོ༴གསང་བ་ཕྱག་རྡོར་དྲེགས་པའི་གཙོ༔ འཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔ ཚེམས་དང་མཆེ་བ་གངས་རིལ་འགྲན༔ ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགས༔ སྨ་ར་སྨིན་མར་གློག་སྟོང་འཁྱུག༔ རྩ་བདུན་སྤྱན་གདངས་ཉི་སྟོང་འོད༔ གཡས་ཕྱག་གནམ་ལྕགས་རྡོ་རྗེ་དགུ༔ གཡོན་དགུའི་ཀླུ་ཆེན་རྣམ་པ་དགུ༔ དུག་སྦྲུལ་ཚུལ་བཅིང་ཞལ་དུ་གསོལ༔ ཞབས་བརྒྱད་ཕྱི་ནང་གསང་བ་མཆོག༔ སྤྲུལ་དང་སྣང་སྲིད་སྡེ་བརྒྱད་གནོན༔ ཞི་ཁྲོའི་དཀྱིལ་འཁོར་རྫོགས་བཞིན་བཞུགས༔ དྲེགས་པའི་འཁོར་དང་བཅས་པ་བསང་༔ མདུན་དུ་ངང་པའི་བཞིན་བཟང་ཡུམ༔ སྨན་བཙུན་ཚུལ་འཛིན་ཁྲོས་པའི་གཟུགས༔ མགར་བ་སྨན་མོ་མི་མོ་ཡི༔ ཚུལ་འཛིན་འཁོར་དང་བཅས་པ་བསང་༔ གསོལ་ལོ༴གཞན་ཡང་ཁྱེད་ཀྱི་འཁོར་ཚོགས་ནི༔ སྤོམ་ར་དང་ནི་ལྷ་མིན་གཙོ༔ དེ་སོགས་ངང་པའི་ཉིན་སྲིབ་ཀྱི༔ རྫ་བྲག་ཆུ་མཚོ་རི་ཐང་ནག༔ ཀུན་ལ་བརྟེན་བཅས་གཞི་བདག་བསང་༔ གསོལ་ལོ༴སྐུ་བླ་གཉན་གྱི་རྩེ་མོ་ཡི༔ འཁོར་འབངས་ཆབས་སུ་གཏོགས་པ་ཡི༔ ཡེ་ཤེས་འཇིགས་རྟེན་སྲུང་མ་བསང་༔ གསོལ་ལོ༴ཁྱེད་རྣམས་བསང་མཆོད་བསྐང་གསོལ་མཐུས༔ མི་ཕྱུགས་ནད་རིམས་ཀུན་ཞི་མཛོད༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ རྟག་དུ་ཁ་འཛིན་སྡོང་གྲོགས་དང་༔ རྒྱབ་བརྟེན་དཔུང་གཉེན་སྲུང་སྐྱོབ་མཛོད༔ མི་ནོར་ལོངས་སྤྱོད་ཕྱྭ་གཡང་དང་༔ ཕོ་ལྷ་དགྲ་བླ་གཉན་པོ་མཛོད༔ འདོད་རྒུའི་དཔལ་ཡོན་ཆུ་རྒྱུན་བཞིན༔ རྒྱུན་མི་ཆད་པར་སྩལ་དུ་གསོལ༔ རྟ་ཕྱུགས་ནོར་གྱི་འཕེལ་ཁ་བསྐྱེད༔ ཟས་དང་ལོང་སྤྱོད་ཟད་མེད་སྤེལ༔ ལོ་ཐོགས་འབྲས་བུ་སྨིན་རྒྱས་མཛོད༔ སྣང་སྲིད་སྐྱེ་འགྲོ་ཕོ་མོ་དང་༔ འདོད་རྒུའི་དཔལ་ཡོན་དབང་དུ་བསྡུས༔ དགྲ་རྐུན་ཇག་པ་ཧུར་ཐུམ་སོད༔ གཅན་གཟན་གདུག་པའི་ཁ་ཆིངས་ལ༔ འདྲེ་གདོན་གནོད་བྱེད་ཐམས་ཅད་ཐུལ༔ མདོར་ན་མི་མཐུན་ཕྱོགས་རྣམས་ཀུན༔ མེ་སྟག་ཆུ་ཡིས་བསད་བཞིན་རློག༔ རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་མཛོད༔ དེ་ལྟར་བཅོལ་བའི་ལས་དེ་དག༔ དུས་གསུམ་རྒྱལ་བའི་བཀའ་དམ་ཚིག༔ དཔང་བཙུག་གཏའ་རུ་བཞག་པ་ཡིན༔ མ་འདའ་ཅི་བཞིན་གྲུབ་པར་མཛོད༔ ཅེས་ཉེར་མཁོའི་ཆེད་དུ་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཇོད་ལས་བསྒྱུར་པའི་ཡི་གེ་པ་ནི་རིགས་སྲས་མཁྱེད་བརྩེའི་མྱུ་གུའོ།།དགེའོ།།།།