TTDL-ZABTER-15-BA-123

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-123

ཤུགས་ཆེན་བསང་མཆོད་ལ༔ ཀྱཻཿཤུགས་ཆེན་རི་བཙན་ཕྱུག་མོ་ནི༔ མི་དམར་དར་གྱི་ལྭ་བ་ཅན༔ སྤྲུལ་པའི་ཕོ་ཉ་ལས་ལ་འགྱེད༔ གཡས་ན་མདུང་དར་ནག་པོ་ཕྱར༔ གཡོན་པས་སྦ་ལྕགས་ཁྲ་བོ་བསྣམས༔ རྐེད་ལ་འཕྲུལ་གྱི་འཁོར་གསུམ་བརྒྱན༔ དབུ་ལ་རྒོད་གྱི་ཅོག་ཞུ་གསོལ༔ ཆིབས་སུ་ངང་པ་རྔོག་དམར་ཆིབས༔ འཁོར་དུ་བདུད་བཙན་སུམ་ཅུས་བསྐོར༔ གསོལ་མཆོད་གནས་འདིར་ད་ཚུར་བྱོན༔ བཟང་ཤིང་ཕྱེ་མར་དུ་བ་ལས༔ འདོད་རྒུའི་དཔལ་ཡོན་བྱེ་བྲག་ཀུན༔ སྤྲིན་ལས་ཁ་ཆར་བཞིན་དུ་འབྱུང་༔ འདོད་ཡོན་མི་ཟད་གཏེར་ཆེན་པོ༔ བཙན་རྒོད་མྱུར་ལྡན་གློག་ཕྲེང་བསང་༔ ཤན་པ་རྩལ་ཆེན་སྤུ་གྲི་བསང་༔ བཅུད་ལེན་ཀ་ལ་མེ་འབར་བསང་༔ ས་ཆུ་བྲག་ཤིང་བཅས་པ་ལ༔ དབང་མཛད་བདག་པོ་བདག་མོ་བསང་༔ ཁྱེད་ལ་གསོལ་མཆོད་ཕུལ་འབྲས་ཀྱིས༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཁ་འཛིན་སྡོང་གྲོགས་རྒྱབ་བརྟེན་དང་༔ དཔུང་གཉེན་མཛོད་ལ་འདོད་དོན་སྒྲུབས༔ སད་སེར་བཙའ་ཐན་མུ་གེ་བཟློག༔ ལོ་ལེགས་འབྲུ་འཕེལ་ལོངས་སྤྱོད་སྤེལ༔ དགྲ་བགེགས་མ་ལས་ཆོམ་ལ་ཕོབ༔ བསམ་པའི་དོན་ཀུན་ཡོངས་གྲུབ་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ ཞེས་ཚེ་རིང་རྡོ་རྗེ་ནན་དུ་བསྐུལ་ངོར་མགྱོགས་ཐབས་སུ་བསྡུས་ཏེ་བདུད་འཇོམས་པས་སོ།།སརྦ་མངྒ་ལཾ།།།།