TTDL-ZABTER-15-BA-125
TTDL-ZABTER-15-BA-125
དག་སྣང་ཡེ་ཤེས་དྲྭ་བ་ལས༔ ཁམས་ཀྱི་སེང་གེ་བྲག་གི་གཏེར་སྲུང་རྔ་རོལ་སྟག་རྩེའི་བསང་མཆོད་ནམ་མཁའ་མཛོད་ཅེས་བྱ་བ་བཞུགས་སོ༔ རང་ཉིད་པདྨ་འབྱུང་གནས་སུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་མཆོད་སྤྲིན་མི་ཟད་རྒྱན་འཁོར་དུ་སྤེལ་ནས་ནམ་མཁའ་མཛོད་སྔགས་བདུན་གྱི་མཐར༔ ཨཱཿགཞི་དབྱིངས་སྐྱེ་མེད་ཁྱབ་བརྡལ་ལྷུན་འབྱམས་ལ༔ ཕྱོགས་རིས་དངོས་དང་མཚན་མ་མི་དམིགས་ཀྱང་༔ སྤྲོས་བྲལ་མཁའ་ལ་སྤྲོས་བཅས་སྤྲིན་འཁྲིགས་པའི༔ གཟུང་འཛིན་འདོད་པའི་ཁམས་སུ་རང་ཤར་བ༔ རེ་དོགས་བཟང་ངན་ཡུལ་དང་ཡུལ་ཅན་འཁྲུངས༔ སྣང་བ་དངོས་ཞེན་ཅན་ལ་སྒྱུ་མར་སྟོན༔ ཡུལ་འདི་བདེན་པར་འཛིན་ཤར་འཐས་པ་ཡི༔ རྐྱེན་སྣང་ཅན་གྱི་མོས་ངོར་ལེགས་ཤར་བའི༔ ཟོ་དོར་གཉན་པོ་བསྙེན་ཅིང་མངའ་གསོལ་ལོ༔ ཕྱི་ལྟར་བྲག་རི་ལྗོན་ཤིང་རབ་རྒྱས་པ༔ བྱ་གཅན་རི་དྭགས་སྣ་ཚོགས་རབ་རྒྱུ་ཞིང་༔ རབ་འཇིགས་དྲག་པོའི་སྒྲ་སྐད་སྣ་ཚོགས་སྒྲོགས༔ ཨོ་རྒྱན་ཆེན་པོས་བྱིན་གྱིས་བརླབས་བའི་གནས༔ རྔ་རོལ་སྟག་རྩེ་གཉན་པོར་ཡོངས་གྲགས་པའི༔ སྦས་ཡུལ་གསང་བའི་གནས་མཆོག་དམ་པ་བསང་༔ རྩི་ཤིང་ནག་ཚལ་རི་བྲག་ཐམས་ཅད་ཀུན༔ དཔའ་བོ་མཁའ་འགྲོ་བསྟེན་པའི་དལ་དུ་རྫོགས༔ ཀླུ་བཙན་རྒྱལ་པོ་གཡུ་ཡི་ཕྲེང་ཅན་སོགས༔ ནང་གི་གནས་བདག་འཁོར་དང་བཅས་པ་བསང་༔ རིན་ཆེན་གསེར་དངུལ་ཟངས་ལྕགས་འདྲེས་པ་ཡི༔ ཟླ་གམ་དབང་གི་ཕོ་བྲང་ཡངས་པའི་ནང་༔ རབ་དཀར་དུང་གི་ཁྲི་ཆེན་མཛེས་པའི་སྟེང་༔ དར་འབོལ་སྟག་གཟིགས་ལྤགས་པའི་གདན་སྟེང་དུ༔ རབ་མཛེས་ལྷ་མོ་རྨ་བྱའི་གདོང་པ་ཅན༔ ཕྱག་གཡས་གསེར་ཞགས་གཡོན་པས་ནོར་བུ་བསྣམས༔ འཇའ་སྤྲིན་ཀློང་དུ་རྨ་བྱའི་ཐུལ་པ་གསོལ༔ ལས་བྱེད་རྒྱལ་པོ་གཡུ་ཡི་ཕྲེང་བ་ཅན༔ དགེ་བསྙེན་ཆས་ལྡན་གཡུ་རྟ་སྔོན་པོ་བཅིབས༔ ཕྱག་གཡས་གློག་ཕྲེང་གཡོན་པས་ལྕགས་ཀྱུ་བསྣམས༔ རིན་ཆེན་གཡུ་ཡི་རྒྱན་ཆ་སྣ་ཚོགས་གསོལ༔ གཞན་ཡང་ཀླུ་རྒྱལ་ནོར་བུ་ཆེན་པོ་དང་༔ གཉན་རྗེ་ཀུ་སྒྲོགས་བཙན་རྒྱལ་ཀུས་འདེབས་སོགས༔ རྨ་བྱ་ཆེན་མོའི་ཕྲིན་ལས་གར་མཁན་མོ༔ ཁྱོད་ཀྱི་དམ་ཚིག་ཐུགས་དམ་རྒྱུད་བསྐུལ་ལོ༔ འདིར་གཤེགས་མཐུན་རྫས་སྨན་སྣ་དར་ཟབ་དཀོར༔ རི་དྭགས་གཡུང་དྭགས་ཆུ་གནས་འདབ་ཆགས་རིགས༔ བཟའ་བཅའ་བཏུང་བ་ལྡག་གཞིབ་འདོད་ཡོན་ཚོགས༔ ཕྱེ་མར་མཁན་ཤུག་སུར་དཀར་བསང་དུད་ཀྱིས༔ གསོལ་ལོ་མཆོད་དོ་བསང་ངོ་དགྱེས་པར་མཛོད༔ སྤྲུལ་བསྒྱུར་དགྲ་བགེགས་སྒྲོལ་བའི་ལས་མཛད་ཚེ༔ མི་སྲུན་རྔམས་པའི་ལས་མཁན་ནག་པོ་ཆེ༔ མྱུར་མགྱོགས་ཤུགས་ལྡན་ཅང་ཤེས་གཡུ་རྔོག་བཅིབས༔ ཕྱག་གཡས་མདའ་གཞུ་གཡོན་པས་ལྕགས་ཞགས་བསྣམས༔ གནམ་ལྕགས་ཁྲབ་རྨོག་གློག་གི་བ་དན་གཡོ༔ སྟག་གཟིག་དོམ་དྲེད་གཅན་སྤྱང་རོལ་དུ་ཁྲིད༔ གནམ་ལྕགས་གོ་མཚོན་ཐོགས་པའི་ལས་མཁན་བརྒྱ༔ ཐོག་སེལ་ལས་ལ་འགྱེད་པའི་ཕོ་ཉ་བརྒྱ༔ ནད་རིགས་དལ་ཁ་བཟློག་པའི་སྲོག་གཅོད་བརྒྱ༔ དགྲ་དཔུང་སྟོབས་ཀྱིས་འཇོམས་པའི་དཔའ་བོ་བརྒྱ༔ ཆོས་ལྡན་སྐྱེས་བུ་སྐྱོང་བའི་སྲུང་མ་བརྒྱ༔ སྤྲུལ་འཁོར་དཔུང་བཅས་འདིར་གཤེགས་དགྱེས་དགོངས་འཚལ༔ དམ་ཚིག་གཉན་གྱིས་འབོད་དོ་ས་མ་ཛ༔ ཡིད་མཐུན་འདོད་པ་འཇོ་བའི་མཆོད་རྫས་དང་༔ བཟང་ཤིང་དྲི་སྨན་ཕྱེ་མར་བསང་མཆོད་འབུལ༔ སྐུ་གསུང་ཐུགས་ཀྱི་མི་བཞེད་ཟུག་རྔུ་དང་༔ ཕོག་ཐུག་ཉེས་འགལ་མ་ལུས་བྱང་ནས་ཀྱང་༔ བདེ་སྟོང་ཡེ་ཤེས་རོ་ཡིས་ཚིམ་གྱུར་ནས༔ མི་ཟད་ནམ་མཁའ་མཛོད་དུ་ལོངས་སྤྱོད་ཤོག༔ སྔོན་ཚེ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་དང་༔ བར་དུ་རིག་འཛིན་བཻ་རོ་དཔལ་རྡོ་རྗེ༔ ཐ་མ་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ༔ བརྒྱུད་གསུམ་ཆུ་བོ་འདྲེས་བའི་བཀའ་དམ་ཡིན༔ མ་འདའ་བདག་ཅག་འཁོར་དང་བཅས་པ་ལ༔ སྐྱེལ་བསུ་རོགས་ལྡན་རྒྱབ་བརྟེན་དཔུང་གཉེན་མཛོད༔ ཉིན་གྱི་རྫི་བུ་མཚན་གྱི་མེལ་རྩེ་གྱིས༔ མི་ནོར་སྲུང་སྐྱོབ་སྤེལ་བའི་དགྲ་བླ་མཛོད༔ ནད་གདོན་གོད་ཡམས་མི་རུང་ལྟས་ངན་བཟློག༔ དགྲ་ཇག་ཆོམ་རྐུན་མ་ལུས་རྡུལ་དུ་རློག༔ དཀོན་མཆོག་རིན་ཆེན་བསྟན་པའི་རྒྱལ་མཚན་ཚུགས༔ སྙན་གྲགས་རླུང་རྟ་དཔལ་འབྱོར་འཕེལ་རྒྱས་མཛོད༔ བཀའ་དང་དམ་ཚིག་གཉན་པོ་དཔང་བཙུག་གོ༔ མ་གཡེལ་མ་འདའ་བཛྲ་ས་མ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལོ་ལེགས་འབྲུ་འཕེལ་དབུ་འཕང་མཐོ༔ པདྨ་རྒྱལ་པོའི་ཞལ་ཐིག་ཡིན༔ ཡིད་སྤྲུལ་སྔགས་རྒྱས་སྤེལ་བ་གལ༔ ཡུལ་འདིར་དགེ་ཞིང་བདེ་ལེགས་འཐོབ༔ ས་མ་ཡ༔ ཞེས་པ་འདི་ཡེ་ཤེས་ཀྱི་མཁའ་འགྲོ་མ་མནྡ་ར་བས་གསུངས་པ་ཐོས་ནས་བདུད་འཇོམས་གྲོ་ལོད་རྩལ་གྱིས་སེངྒེ་བྲག་གི་གཏེར་སྲུང་གི་དྲིན་ལན་དུ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།།།