TTDL-ZABTER-15-BA-126

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-126

དག་སྣང་ཡེ་ཤེས་དྲྭ་བ་ལས༔ གནམ་ལྕགས་སྤུ་གྲི་མེ་འབར་གྱི་གསོལ་མཆོད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ལྷ་རི་ལྕགས་མཁར་ཁྲ་བོ་ལ་རྟེན་བསྐྱེད་པ་ནི༔ རང་ཉིད་ཡི་དམ་ལྷར་གསལ་བའི་ངང་ནས༔ ཨོཾ་སྭ་བྷཱ་ཝ་ཤུདྡྷ་སོགས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་སྒྱུ་མའི་འཕྲུལ་གྱི་རི་བོ་ལྟར་སྣང་ལ་རང་བཞིན་མེད་པའི་ཀློང་དུ་ཡི་གེ་ཧཱུྃ་མཐིང་ནག་གཅིག་བསྒོམ༔ དེ་ལ་བདུད་མགོན་ལྕགས་རྩེ་ནག་པོ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་བསྟིམ༔ སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་དང་ཡེ་ཤེས་འཇིག་རྟེན་གྱི་བསྟན་སྲུང་དམ་ཅན་རྒྱ་མཚོ་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པ་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བསྡུས་ཏེ་ཐིམ་པ་ལས་འོད་འཕྲོས་པས་སྲུང་བའི་གུར་ཁང་ཆེན་པོ་རིམ་པ་གསུམ་གྱིས་བསྐོར་བའི་ནང་དུ་གནམ་ལྕགས་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་སྐུ་མཁར་རྒྱ་ཆེ་ལ་ཁྱོན་ཡངས་པའི་ནང་དུ་རིན་པོ་ཆེས་ཁྲི་ཡི་ཁར་རྒྱལ་བསེན་ཀླུ་གཉན་ཕོ་མོ་བསྣོལ་བའི་སྟེང་དུ་ཧཱུྃ་ལས་གནམ་ལྕགས་སྤུ་གྲི་མེ་འབར་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་གཏུམ་པ་གཡས་རལ་གྲི་དང་གཡོན་ཞགས་པ་བསྣམས་པ༔ དུར་ཁྲོད་ཆས་བརྒྱད་གསོལ་ཞིང་མེ་རླུང་དམར་ནག་འབར་ཞིང་འཕྱོ་བ༔ རྒྱལ་བསེན་དང་དམ་སྲི་ཀླུ་གཉན་ཐམས་ཅད་ཀྱི་སྲོག་གི་གཤེད་དུ་མི་མངོན་ཆོས་ཀྱི་དབྱིངས་ནས་བཞེངས་པར་བསམ༔ དེ་མཐར་སྤྲུལ་པ་སྡིག་པའི་གདོང་ཅན་སྟོང་གི་རྒྱལ་བསེན་ཟས་སུ་སྤྱོད་པ༔ དེ་མཐར་ཁྱུང་གདོང་ཅན་སྟོང་ཕྲག་གཅིག་གིས་ཀླུ་གཉན་ནད་ཀྱི་བདག་པོའི་ཤ་ལ་རོལ་ཞིང་ནུས་སྟོབས་འཇོམས་པ༔ དེ་མཐར་དཔའ་གཏུམ་ལྕགས་ཁྲབ་ཅན་གྱི་འཁོར་ཚོགས་ཁྲི་ཡིས་བསྐོར་ནས་བསྟན་དགྲ་རྩད་ནས་གཅོད་པ༔ སྣང་སྲིད་ཀྱི་བློ་ཡིད་སྣང་སེམས་ལ་དབང་བསྒྱུར་ཞིང་དགྲ་བགེགས་གདུག་པ་ཅན་གྱི་སྲོག་གི་གཤེད་དུ་ལྷུན་གྱིས་གྲུབ་པར་བསྐྱེད་དོ༔ དེ་ཡི་སྲོག་གི་སྙིང་པོ་ལས་འོད་འཕྲོས་པས་སྲིན་ཡུལ་རྫ་བྲག་ཁྲ་བོ་ནས་སྤྱན་དྲངས་ལ་བསྟིམ་མོ༔ ཧོ༔ དགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ བདུད་མགོན་གནམ་ལྕགས་སྤུ་གྲི་མེ་འབར་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་བཀའ་དང་ཐ་ཚིག་གཉན་པོ་ལ་མ་འདའ༔ དམ་ཚིག་གཉན་གྱིས་འབོད་དོ༔ དམ་ཚིག་དབང་གིས་སྒྲུབ་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་གསོལ་མཆོད་རིམ་པ་ནི༔ བསྭོ༔ བྱང་ཕྱོགས་མི་སྲུན་སྡིག་པའི་ཡུལ༔ ནག་པོ་བདུད་ཀྱི་གྲོང་ཁྱེར་ནས༔ བདུད་རྒྱལ་ལྕགས་རྩེ་གཤེགས་སུ་གསོལ༔ སྐུ་གསུམ་ཡེ་ཤེས་དབྱིངས་ཀློང་ནས༔ གནམ་ལྕགས་སྤུ་གྲི་གཤེགས་སུ་གསོལ༔ ལྷོ་ནུབ་པདྨ་འོད་ཀློང་ནས༔ སྤུ་གྲི་མེ་འབར་གཤེགས་སུ་གསོལ༔ ཡེ་ཤེས་འཇིག་རྟེན་གཉིས་མེད་དུ༔ དགྲ་བགེགས་གདུག་པའི་ཁྲི་ལ་བཞུགས༔ མཚན་ལྡན་ཤིང་གི་ལྷ་མོ་ལྔ༔ ཁྱོད་ལ་སྦྱོར་ཡུམ་མཆོག་དུ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ འདོད་ཡོན་ནམ་མཁའ་མཛོད་དུ་འབུལ༔ དགའ་ལྡན་འཕྲུལ་དགའི་དཔལ་ལོངས་སྤྱོད༔ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ སྤེལ་ཞིང་འཕྲུལ་ནས་མཆོད་པ་འབུལ༔ བདག་ཅག་དཔོན་སློབ་བརྒྱུད་འཛིན་བཅས༔ ཕ་མ་བུ་ཚ་བཞིན་བརྩེས་སྐྱོངས༔ འདོད་དོན་ཡིད་བཞིན་འགྲུབ་པ་དང་༔ དགྲ་བགེགས་རྒྱལ་བསེན་གཉན་རིམས་གདོན༔ མ་ལུས་ཐལ་བའི་རྡུལ་བཞིན་རློགས༔ དམ་ལ་མ་འདའ་ས་མ་ཡ༔ འདི་བསྒྲུབ་ཕྱོགས་ལས་རྣམ་རྒྱལ་འགྱུར༔ ཅེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་མཁའ་འགྲོའི་བརྡ་ལ་བརྟེན་ནས་བྲིས་སོ།།དགེའོ།།།།