TTDL-ZABTER-16-MA-001
TTDL-ZABTER-16-MA-001
༠༠༠༠༠བརྡ་ཡིག༡དག་སྣང་ཡེ་ཤེས་དྲྭ་བ་ལས༔ ཚོགས་ཀྱི་འཁོར་ལོར་འདུ་བའི་གནས་ལྐོག་གྱུར་རིན་ཆེན་གླིང་གི་ཆགས་ཚུལ་བཞུགས༔ འགྲོ་བའི་བླ་མ་ཆེན་པོ་ལ་ཕྱག་འཚལ་ལོ༔ སློབ་བུ་སྔགས་སྐྱེས་འཇམ་དཔལ་རྡོ་རྗེའི་གསང་བའི་གནས་མཆོག་འདིའི་ཡིན་ལུགས་ཞིག་དགོས་ཞེས་ནན་དུ་བསྐུལ་བ་སེམས་ལ་བཏགས་བཞིན་གཉིད་ལོག་པའི་མོད་ལ་རྨི་ལམ་དུ་གསེར་གྱི་རི་དང་༔ དངུལ་གྱི་རི་དེ་བཞིན་ཟངས་དང་ལྕགས་ཀྱི་རི་བོ་མང་དུ་འདུག་པའི༔ རི་གཅིག་གི་རྩེ་མོར་བདག་སླེབ་འདུག་པ་རྨིས༔ དེའི་ཚེ་དེའི་དུས་ན་སྟེང་ཕྱོགས་ནས་འཇའ་ཚོན་གཅིག་ཤར་བ་དང་ཆབ་གཅིག་ཏུ་མཁའ་འགྲོ་ཀུན་ཏུ་རྒྱུ་བ་གཡུ་ཞལ་མ་ཡིན་སྐད་པའི་བུད་མེད་སྔོ་ལྗང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་ལག་ན་མར་མེ་དང་མེ་ལོང་ཐོགས་པ་ཞིག་ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན་ཤར་བྱུང་བ་དེ་ལ་བདག་གིས༔ ཀྱཻ༔ ཨ་ལྕམ་བུ་མོ་བཞིན་ལེགས་མ༔ གང་ནས་འོང་སྟེ་ཇི་ལྟར་བྱུང་༔ གནས་འདི་གང་ལགས་གནས་སྲུང་སུ༔ ཡོན་ཏན་ཇི་ལྟར་མཆིས་ལགས་ཤོད༔ སྨྲས་པའི་ལན་དུ༔ ཡཻ༔ བརྡལ་ཁྱབ་ཡངས་པའི་ནམ་མཁའ་ནི༔ སྣོད་བཅུད་འདོད་ཡོན་ཀུན་གྱི་མཛོད༔ མཁའ་སྤྱོད་ཨ་མའི་ཀློང་མཛོད་ནས༔ ང་མེད་ཁྱོད་ལ་ང་ཉིད་སྣང་༔ བྱུང་ཁུངས་མེད་དེ་ཟང་མ་ཐལ༔ ཁྱོད་བློའི་འཛིན་པ་དེ་དཀྲོལ་ཕྱིར༔ ཇི་ལྟར་འདོད་པ་དེ་བཞིན་སྣང་༔ གནས་འདིར་མི་འབྱིན་ས་ཡི་རྟེན༔ གཏེར་ཁ་བརྒྱ་དང་རྩ་བརྒྱད་ཡོད༔ བསྟན་པ་མི་ནུབ་དར་རྒྱས་ཕྱིར༔ བདེ་གཤེགས་བདུན་གྱི་རིང་བསྲེལ་ཡོད༔ རིགས་གསུམ་མགོན་དང་པད་འབྱུང་གི༔ སྐུ་འདྲ་བརྒྱ་ཕྲག་བཅུ་གཉིས་གདའ༔ རྒྱ་བལ་ཀ་ལ་ཙི་ན་དང་༔ སོག་འཇང་བེར་བ་ལ་སོགས་པའི༔ གནས་ཡུལ་ལྔ་བཅུ་རྩ་དྲུག་གི༔ ས་སྣ་དུང་གི་སྒྲོམ་བུར་བླུག༔ རིན་ཆེན་སྤུངས་པའི་རི་ལ་སྦས༔ བསྐལ་པའི་མར་མེ་ནུབ་མེད་ཞིག༔ ཆུ་སྣ་འདུས་པའི་རི་ལ་སྦས༔ དབང་ཕྱུག་ཆེན་པོའི་གསང་བའི་ཆབ༔ ཟངས་ཀྱི་བུམ་པ་འགེངས་བྱས་ནས༔ བདེ་ཆེན་ཚོགས་འདུས་ཁང་ཕུག་སྦས༔ ནོར་འཛིན་དབང་རྒྱལ་ཞེས་བྱ་བ༔ གནས་ཆེན་སྤྱི་ཡི་སྲུང་མར་བསྐོས༔ དྲེགས་རྒྱལ་མིང་སྲིང་བཅུ་བདུན་ནི༔ ས་མིག་སོ་སོའི་སྲུང་མར་བསྐོས༔ དྲག་ཤུལ་རྡོ་རྗེ་ཐོགས་མེད་རྩལ༔ ས་མིག་འདི་ཡི་སྒོས་སྲུང་ལགས༔ སྨན་མོ་འཛུམ་མེད་ནོར་འཛིན་མ༔ དེ་ཡི་གྲོགས་སུ་བསྔགས་པ་སྟེ༔ འཛམ་གླིང་བརྟན་མ་བཅུ་གཉིས་དང་༔ གནས་ཆེན་ཉེར་ལྔ་ཡུལ་སོ་གཉིས༔ ཧེ་རུའི་གནས་བཅུ་དུར་ཁྲོད་བརྒྱད༔ དེར་བརྟེན་དཔའ་བོ་མཁའ་འགྲོའི་ཚོགས༔ ལོ་ཁྱིམ་རེ་བཞིན་རེ་རེ་འདུ༔ ཟླ་བ་བཞི་པའི་ཚེས་གྲངས་སྟག་གི་ཉི་མ་དུས་ཚོད་སྟག་གི་དུས་འདུ་བ་ཡིན།ཞལ་ཤེས།སྔོན་ཚེ་དུས་ཀྱི་བསྐལ་པ་ལ༔ ཁམས་རི་ནག་གྲོགས་ནག་པོ་ཟེར༔ དེང་སང་བོད་སོག་མི་རྣམས་ཀྱིས༔ ལུང་པ་རེ་ལ་མིང་རེ་གདགས༔ གཉན་པོའི་གངས་རར་ཟླ་བ་དགུ༔ རྨ་ཆེན་གངས་ལ་ལོ་ལྔ་ཕྲག༔ ལོངས་སྤྱོད་འདུ་བར་ཟླ་གཅིག་དང་༔ རིག་འཛིན་འདུ་བར་ཞག་བདུན་ཕྲག༔ དཔའ་བོའི་མཁར་ལ་ཞག་ཉེར་གཅིག༔ ཚོགས་ཆེན་འདུ་བར་ལོ་གཅིག་ཏུ༔ བསྒྲུབ་པའི་དལ་ཞལ་ཕྱེས་ནས་སུ༔ སྣང་སྲིད་དྲེགས་པ་སྡེ་བརྒྱད་དང་༔ ཡུལ་ལྷ་ཟོ་དོར་མི་མ་ཡིན༔ སྣང་སྲིད་ལྷ་འདྲེ་དབང་དུ་འདུས༔ དམ་བཏགས་དབང་བསྐུར་ལས་གཉེར་བཅོལ༔ བོད་ཁམས་ས་སྟེང་ཐམས་ཅད་དུ༔ བདག་གི་ཞབས་ཀྱིས་མ་བཅག་པ༔ ཏིལ་མིག་ཙམ་ཡང་ཡོད་མ་ཡིན༔ དེ་ཡང་སྤྲུལ་སྙིང་ཡང་སྤྲུལ་དང་༔ རྫུ་འཕྲུལ་སྤྲུལ་པའི་ཆོ་རོལ་ཏེ༔ དེ་ལྟར་གསུངས་པའི་ནང་ཚན་ལས༔ འདི་ནི་གསང་དང་སྦས་པའི་གནས༔ ཤིན་ཏུ་གསང་བའི་ཡང་གསང་སྟེ༔ འདིར་བརྟེན་རྩེ་གཅིག་སྒྲུབ་བྱེད་པའི༔ གསང་བ་སྔགས་ཀྱི་རྣལ་འབྱོར་པ༔ ཉིན་སྐར་ཙམ་རེ་མཆིས་སྲིད་ནས༔ ཤི་བའི་མཐའ་ལ་གཏུག་གྱུར་ན༔ ཕུང་པོ་ལྷག་མ་མེད་པ་རུ༔ མངོན་སངས་རྒྱས་པར་གདོན་མི་ཟ༔ བཙན་ཕོ་བཙན་མོ་ཀླུ་ཕོ་མོ༔ ཚོགས་བདག་སྤྲུལ་པའི་སྐྱེས་བུ་དང་༔ ཨུ་མས་སྤྲུལ་པའི་སྨན་མོ་གཉིས༔ ཡང་གསང་གནས་ཀྱི་སྲུང་མར་བཞག༔ གནས་བདག་གསོལ་མཆོད་བསྐང་བ་དང་༔ སྤོས་སྦྱོར་བསང་མཆོད་བྱ་བ་དང་༔ དུས་ཆེན་དྲུག་ཏུ་ཚོགས་བསྐང་བཏང་༔ བསྒོམ་པས་མི་རྟོག་ཡེ་ཤེས་འཆར༔ བསྐྱེད་པས་སྣང་ཞེན་ལྷ་སྐུར་འཕོ༔ ཆོས་མིན་བསམ་སྤྱོད་ཞོར་ལ་འགྲིབ༔ བྱ་བྱེད་ཆོས་ཀྱི་འཁོར་ལོ་འགྱུར༔ ཤེས་པར་གྱིས་ཤིག་སྐལ་ལྡན་བུ༔ ཧེ་ཧེ༔ མཁའ་འགྲོ་མི་མངོན་དབྱིངས་སུ་ཆ༔ རྨི་ལམ་སྒྱུ་སྣང་ཅི་བཞིན་དུ༔ གནས་ནི་མེད་བཞིན་སྣང་བ་སྟེ༔ ཤེས་ན་རང་སྣང་རྣམ་དག་ཞིང་༔ མ་ཤེས་འཁྲུལ་པར་འཕྱན་པའི་ས༔ རང་སྣང་དོན་གྱི་འོག་མིན་ཞིང་༔ ངོ་ཤེས་ངང་དུ་གདིང་ཐོབ་ན༔ ཞིང་ཁམས་དེ་ལས་ཡོད་མ་ཡིན༔ གྲོལ་ས་དེ་ལས་མ་མཆིས་པས༔ སྒྱུ་མའི་དགའ་སྟོན་བདེན་འཛིན་ལྟར༔ སྣང་བའི་ཡུལ་ལ་བདེན་ཞེན་ཆོད༔ སྣང་སྟོང་ཟུང་འཇུག་སྦྱོར་མ་ཡི༔ བྱང་ཆུབ་སེམས་ཀྱི་ཐིག་ལེ་སྟེ༔ མཁའ་སྤྱོད་ཨ་མའི་མཁའ་གསང་དུ༔ ཐེ་ཚོམ་མེད་པར་རྒྱངས་ཀྱིས་འཕོ༔ གཉིས་སུ་མེད་པར་ཆམ་བརྡལ་ཡན༔ ང་ནི་ནམ་མཁའི་ལུས་ཅན་ཏེ༔ ནམ་མཁའ་ཉིད་དུ་དག་མཉམ་རོལ༔ ཅེས་ཟེར་ཡལ༔ ཅེས་པ་འདི་སློབ་བུ་འཇའ་དཔལ་རྡོ་རྗེས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བ་ཡི་གེ་པ་ནི་བཙུན་པ་དགེ་ལེགས་དཔལ་བཟང་ངོ་།།དགེའོ།།དགེའོ།།སརྦ་མངྒ་ལཾ།།ཡང་སྐབས་ཤིག་ཏུ༔ བུ་སྣོད་ལྡན་འཇམ་དཔལ་རྡོ་རྗེ་ལ༔ མ་ལྷ་ལྕམ་རྒྱལ་མོས་འདི་སྐད་ཟེར༔ མ་རེ་མ་ཏཱི་ཡི་གསང་བའི་མཛོད༔ གནས་རྫ་རི་གནམ་ལྕགས་འབར་བ་ནི༔ ལྷ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཏེ༔ དུས་བཟང་པོ་ཚེས་བཅུ་ཉེར་ལྔ་ལ༔ མ་མཁའ་འགྲོ་འདུ་བ་རྒྱ་ཆེར་ཚོགས༔ དེར་བཀའ་སྲུང་བཙན་དང་མ་བདུད་དེ༔ དེ་མཆོད་གསོལ་ནན་དུ་མ་བྱས་ན༔ རྐྱེན་ཀོ་ལོང་ཆོ་འཕྲུལ་སྐབས་སུ་སྟོན༔ དེར་སྒྲུབ་པ་བྱེད་པའི་གང་ཟག་རྣམས༔ ཚོགས་བསྐང་བ་མང་པོ་བཏང་བ་དང་༔ གནས་དེ་ཡི་བཀའ་སྲུང་གཙོ་བོ་མཆོག༔ ལྷ་དབང་ཕྱུག་ཆེན་པོ་ནན་དུ་མཆོད༔ གཟའ་ཁྱབ་འཇུག་ཆེན་པོ་བྲན་དུ་བཀོལ༔ མ་མཁའ་འགྲོའི་འཁྲུགས་བསྐང་སྐབས་སུ་བྱ༔ གནད་དེ་ལྟར་ཚུལ་བཞིན་ལྡན་གྱུར་ནས༔ རྩེ་གཅིག་ཏུ་བསྒྲུབ་ལ་འབད་ནུས་ན༔ མཆོག་ཐུན་མོང་དངོས་གྲུབ་ཉེ་བར་ཐོབ༔ ཅེས་ཟེར་ཡལ༔ བདུད་འཇོམས་རྡོ་རྗེས་སྨྲས༔